R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 277
[A:277]གཟུགས་འཇམ་ཤིང་ལས་འཁྲུལ་བྱས། ཟངས་གསེར་ལས་གདོང་རྒྱན་དང་དྲྭ་ཕྱེད། དྲིལ་བུ་གཡེར་ཁ་ཡང་བསྙིམས་པ་ཁ་སྦྱར་ཙམ་གྱི་བརྗིད་བག་བཅོས་པ་དང། རྟ་མཆོག་ཆིབས་དངོས་མདོག་སྔོན་པོ་ཞིག་ལ་སྒ་ཆས་གཟབ་པ་རང་གི་བཀོད་པ་ཁྱད་དུ་འཕགས་པ་ལ་ཀོང་གཟུགས་ཀྱི་གཞོགས་ལྷ་ཕྲུག་འདྲ་བའི་སྣ་ཁྲིད་དང། དམག་དཔོན་སྐྱེས་བུ་ལུས་རྩལ་ཡོད་པའི་ཁྲབ་རྨོག་གི་ཡ་ལད་ཅན་རལ་གྲི་འཛིན་བཞིན་པ་དང་བཅས་སྣ་ཚོགས་རོལ་མོ་དང་རྒྱ་གླིང་སོགས་ཀྱིས་སྣ་དྲངས་པའི་མངལ་དབུལ་གཟབ་པར་བྱས་ལ། གཞན་ཡང་ཞལ་དྲོའི་རྒྱས་པའི་སྦྱིན་བསྲེག་དང་གར་གྱི་མཆོད་འབུལ་རྣམས་བགྱིས་པའི་མཐར། ཁོ་བོ་ཉིད་ཀྱི་ལུས་ལ་གོས་མཚལ་ཁ་འཇམ་བྱུས་ལ་གོས་ནལ་སེར་རི་མོ་ཅན་གྱི་མཐའ་ཆག་དང་མེ་ལོང་བྱས་པའི་ཆོས་གོས་ཐང་རྐྱང་ཅིག་གྱོན། གོས་གསེར་མའི་སྒོམ་ཞུ་ཐེལ་ལུགས་བརྗིད་ཆགས་ཤིག་གྱོན་ནས་རང་ཉིད་ཀྱི་ཆོས་ལས་སྐྱེས་པའི་སྲས་ཀྱི་མཐུ་བོ། ངོ་མཚར་མཆོག་གི་སྤྲུལ་པའི་སྐུ་ངག་དབང་བཀྲ་ཤིས་རྣམ་རྒྱལ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆེད་བཅས་འདུས་པའི་དགེ་འདུན་དང་བཅས་པའི་མེ་ཏོག་གི་ཕྲེང་བའི་བསིལ་མས་ལྷག་གནས་ཀྱི་མངའ་གསོལ་རྒྱས་པར་ཕུལ་ནས། རབ་སྟོན་སོགས་ལ་ཞག་བཅུ་གཉིས་བསྡད་རྗེས། བྱང་ལམ་ལ་བྱས་སྙེ་མོ་བརྒྱུད་ནས་དུས་བཏབ་སྟེང་དུ་མྱུར་བར་ལམ་བཅད་དེ་ཡར་ལམ་བྱེ་མཁར་དུ་འབོད་མི་བྱུང་པ་ལྟར་ཕྱིན། ཀུན་མཁྱེན་འཛམ་གླིང་པ་རང་གི་གཙོ་མཛད་ཚོགས་པས་བསུ་བ་སོགས་སྲིད་ཞུ་ཕུན་ཚོགས་གནང། རྗེ་ཉིད་ཀྱིས་གཙོ་མཛད་ཚོགས་པ་ཡོངས་ལ་ཆོས་འབྲེལ་དུ་རྗེ་བཙུན་ཕྱོགས་ལས་རྣམ་རྒྱལ་བའི་ཐུགས་དམ་ལྷ་ལྔའི་རྗེས་གནང་བགྱིས་ཤིང། མང་ཇ། ཚོགས་པའི་