R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 279
[A:279]བསྐྱེད་དེ་མཆོད་ཡུལ་དུ་བཞུགས་པའི་སྤྱན་སྔར་རྡོ་རྗེ་རྣལ་འབྱོར་མའི་ཆོ་ག་རྒྱུན་མི་འཆད་དང་བཅས་ཨོཾ་གསུམ་མ་ཉིན་ཁྲི་མཚན་ཁྲི་དགུང་ཞག་མ་རྫོགས་བར་བྱས། རྗེས་སུ་ཡང་དུས་དྲན་བར་ཆོ་ག་ཆག་མེད་དང། དགུང་ཞག་རིང་མ་རྫོགས་བར་སྒོ་སྤེལ་ནས་ཡོད་པའི་ཆོས་རྗེ་མཁས་མཆོག་པས་གཙོ་མཛད་ལ་མང་ཇ་སྦྱོར་གསུམ་མ་སོགས་འཕྲལ་དང་སྤུན་གྱི་བསྙེན་བསྐུར་འབུལ་བ་གཟབ་རྒྱས་བགྱིས། ན་བཟའ་འབུལ་གྱི་ཉིན་འཇའ་སྤྲིན་ངོ་མཚར་བ་དང། མེ་ཏོག་གཙོ་བོར་ནས་ཁང་རང་གི་སྟེང་དུ་འབབ་ཕུལ་ཆེ་བ་བྱུང། འཇའ་སྤྲིན་ཁ་དོག་སྣ་ལྔ་ཡང་ནས་ཁང་རང་གི་སྟེང་དུ་འཁོར་བ་མཐོང་ཞིང། དགུང་ཞག་གྲོལ་ནས་ཀྱང་ཟླ་བ་བརྒྱད་པའི་ཚེས་བཅུའི་བར། བདག་གིས་སྔར་རྒྱུན་ལས་མ་གཡོས་པའི་ཆོ་གའི་རྒྱུན་དང། ཨོཾ་གསུམ་མའི་བཟླས་པ་སྔར་ལྟར་མ་ཆག་པ་བྱས་རྗེས་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གཅིག་ལ་སྟ་གོན་དང། བཅུ་གཉིས་ཀྱི་ཉིན་དངོས་གཞི་བྱས་པའི་དགེ་བཅུ་པ་དཔོན་སློབ་བཅུ་གསུམ་གྱི་ལུ་ཧི་པ་དང། ལོ་ཕུ་བ་དཔོན་སློབ་བཅུ་གསུམ་གྱིས་དྲིལ་བུ་པ་ཞིག་དགོན་པ་དཔོན་སློབ་བཅུ་གསུམ་གྱིས་ནག་པོ་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་ལྟ་བུ་དྲིལ་ནག་གསུམ་གྱི་བསྒྲུབ་མཆོད་མཛད་པའི་ཡོན་དུ་ཆོས་རྗེ་རྣམ་པ་གསུམ་པོ་རེ་རེ་ལ་བཀྲ་ཤིས་ཁ་བཏགས་རེ། རབ་དཀར་ཆག་མེད་རེ། དངུལ་གཟང་རེ། སྐེད་རགས་སེར་པོ་དང་དངོས་གཙང་རེ། ཞྭ་མོ་རེ། སྤོས་ཆག་རེ། རྒྱ་དྲིལ་སྤུས་དག་རེ། དངུལ་གྱི་ཀ་པ་ལ་ཁ་གཅོད་དང་བཅས་པ་རེ། གསེར་ཞོ་རེ། དགེ་ལྡུན་མི་རེ་ལ་སྤེན་འདབ་རེ་རེ་རྣམས་ཕུལ། དེའི་ནུབ་བདག་གིས་མེ་ཆོག་བྱས་ནས་ཨ་ཀ་རུ་