R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 281
[A:281]བྲེའི་སྒྲུབ་རྒྱགས་སྟོང་རྭ་དང། བདེ་ཆེན། སངས་རྒྱས་གླིང། བྲག་རམ་གསུམ་དུ་ནས་ཁལ་བརྒྱ་བརྒྱའི་དགེ་མཐུད་བྱས་རྗེས། ཇ་སིག་བརྒྱ་དང་གོས་དར་ཡུག་ལྔ་བཅུ་ཕུལ་ནས། བྱང་ནས་ཆོས་གཞི་ཆོས་ལུང་བྱང་རྩེ་སྐོར་དང་ལུས་ཀྱི་མཐོངས་ཀྱི་སྐོར་རྣམས་གནང་ཞིང། ཆོས་ལུང་བྱང་རྩེའི་གཞིར་ཡོད་བཙུན་མ་རྣམས་གནས་སྤོས་ཤིང་སྒྲུབ་སྡེ་གསར་འཛུགས་ཀྱི་ལུགས་བྱས། ངེད་རང་གིས་རྟག་རྩེ་སྒལ་ཙམ་གྱི་ཡར་ཕྱོགས་ལ་ཕྱིན་ནས་འཕྲལ་དུ་ལོག་ནས་ཡོང་པའི་མར་ལམ་ལྷ་ཆུ་དུས་མིན་ལ་གདོང་དུ་བསུ་བའི་ཚུལ་དུ་བྱུང་བ་ནས་ཆུ་ཕུད་དཀར་ཡོལ་གང་བཏུངས་ཤིང། དེར་ཞབས་དྲུང་སྐྱོར་མོ་ལུང་གི་སྐོར་གྱི་སྐད་བྱ་ཚོར་བས་ཡིད་འབྱུང་ནས་ཆོས་ལུང་བྱང་རྩེར་ཞག་འགའ་ཡིད་འཕམ་པའི་ངང་ནས་མཚམས་སེ་ཡོད་སྐབས་སུ། གཟིམས་སྤྱིལ་དཀར་པོར་སྲིན་ལག་གཡོན་ནས་ཁྲག་གི་རྒྱུན་བརྡོལ་བས་དབང་བསྐུར་ཅིག་བྱས་རྗེས། ལྷོའི་མཚོ་སྒོ་ཕྱོགས་ལ་འབོད་མིའི་བྱ་མ་རྟ་ཞིག་གི་རྐྱེན་སྦྱར་ནས་ཕྱིན་པའི་ཡར་ལམ་མང་དཀར་ལ་བྱས། རབ་གསལ་ཟླ་བ་མགོན་པོ་ལ་ཡང་གསེར་སྲང་ཕྱེད་དང་གསོལ་ཇ་བཟང་བའི་འབུལ་བ་བྱས་ནས་རྗེ་བཙུན་གྱི་སྒྲུབ་གནས་ཆ་ལུང་གི་གནས་སྐབས་བགྱིས་ཏེ་མཚོ་སྒོའི་མདུན་གྱི་ཆུ་བོ་ཆེའི་རྦ་ཀློངས་ལ་མི་ཉི་ཤུ་ཙམ་གྱིས་འདོལ་ལི་ལ་བཏེག་ནས་ཕྱིན་པས་ཡ་ང་ལ་གཡང་ཟའི་ངང་ཉིད་ནས་ཕ་རོལ་དུ་སོན། དེར་ཡང་ནི་གུའི་མགྱོགས་ཁྲིད་དང། ལྷག་པར་ཆོས་འཁོར་ལྷུན་པོ་ནས་རྗེ་ལྷ་བཙུན་པའི་དྲུང་ལ་དགོས་བཞེད་ལྟར་བཀའ་གདམས་གླེགས་བམ་ཚང་བ། ཐིག་ལེའི་ཁྲིད་དང་རྗེས་འབྲེལ་ཐིག་ལེ་བཅུ་དྲུག་གི་དབང། བདེ་མཆོག་ནག་པོ་པའི་དབང། ནག་པོ་གཞུང་དྲུག་གི་ལུང། མགོན་པོ་