[A:283]ཅན་སོགས་ཁོང་དཔོན་སློབ་རྣམས་ལ་ཤངས་ཆོས་རྫོགས་པ་དང། གཞན་ཡང་བདེ་ཀྱཻ་སོགས་ཀྱི་དབང་ལུང་ཕྲན་ཚེགས་ཁོང་རང་རྣམ་པའི་ཞེ་འདོད་གང་ཡོད་ཀྱང་ལྷུག་པར་བྱས། གཟིམས་ཁང་གསར་པ་ལ་རབ་གནས་ཀྱང་གཟབ་རྒྱས་བགྱིས་ཤིང། ལམ་འབྲས་ཀྱི་སེམས་བསྐྱེད་སྐབས། གཏིང་སྐྱེས་ནས་སྡེ་པ་རིན་པོ་ཆེའི་དྲུང་གིས་དེར་འདུས་ཀྱི་དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ལ་ནས་འགྱེད་དང། རང་རེ་ལ་ཡང་བསྔོ་རྟེན་དུ་གཏིང་སྐྱེས་བྲེ་ཆེན་གྱི་ནས་དཔུས་གཙང་སྟོང་རྭ་གཅིག་གི་འབུལ་བ་བྱུང་བ་ལ་གཞི་བླངས་ནས། དགེ་འདུན་ཉིས་བརྒྱས་ཟླ་བ་གཉིས་ཀྱི་རིང་ཏལ་པོར་ཁ་ཆེ་པཎ་ཆེན་གྱི་ལུང་བསྟན་སྒྲོལ་མའི་དྲུང་དུ་སྒྲོལ་མ་འབུམ་གཏེར་བཅུ་གཉིས་རྒྱུན་ཅིག་ལ་གནང་བས་རང་གཞན་གྱི་བར་ཆད་དུ་མའི་སྒོ་གསལ་བའི་ལེགས་ཚོགས་ཡིད་ཆེས་པ་རང་བྱུང་ཞིང། དེར་གཏིང་སྐྱེས་ཀྱི་ལམ་འབྲས་ཟབ་རྒྱས་བཅུ་བདུན་ལ་གྲལ་བའི་བཅོ་བརྒྱད་ལ་ཤར་ཕྱོགས་ལ་ཕྱིན་ནས། ཐོག་མར་རྒྱལ་རྩེའི་རྩེ་རྒྱལ་རང་དུ་ཞག་སྦྲེལ་ཙམ་ངལ་གསོས་ནས་རྩེ་ཆེན་ཕུའི་གད་སེར་དགོན་པར་ཟླ་བ་གཉིས་ནང་མཚམས་བསྡམས་པའི་རིང། མཁན་རིན་པོ་ཆེས་བཀས་བསྐུལ་ནས་པཎ་ཆེན་གྱི་རྣམ་ཐར་རྒྱས་པར་སྤེལ་བའི་རྩོམ་པ་བགྱིས་ཤིང། དེ་ཉིད་གསེར་ཡིག་ཏུ་སྒྲུབ་པའི་བཀའ་དྲིན་ཡང་མཁན་རིན་པོ་ཆེ་ཉིད་ཀྱིས་གནང། དེ་མཚམས་རྩེ་ཆེན་དུ་ཟླ་ཕྱེད་ཙམ་གྱི་རིང་སྔར་གྱི་སྦྱོར་དྲུག་གི་ཞབས་དང་ནི་གུའི་དབང་ཁྲིད་སོགས་མང་དུ་བཤད་ནས། རྒྱལ་རྩེ་ནས་བདག་ཆེན་ཆེ་ས་རིན་པོ་ཆེའི་བཀའ་བསྐུལ་ཡང་ཡང་བྱུང་བ་ལྟར་གཟིམས་ཁང་མངོན་དགར་ཟླ་བ་གསུམ་གྱི་རིང་ལ་ཐོག་མར་སྐུ་མཆེད་ཡབ་སྲས་ཀྱི་གཙོ་མཛད་ལ་དབང་བསྐུར་རྡོ་རྗེ་ཕྲེང་བ་དབང་