R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 287
[A:287]དུས་ཀྱི་མཐར་ལྷུང་ཁྲེལ་བོར་བས༎ ཤེས་ལྡན་ཡོངས་ཀྱང་ངན་གཡོའི་ལས་མ་འཇུག༎ མ་ལུས་འགྲོ་བའི་བདེ་སྐྱིད་འཇོམས་བྱེད་པའི༎ མི་ཟད་སྡིག་པའི་ལས་སྟོབས་ཨེ་མ་མཚར༎ བློ་མིག་གསལ་ན་ལས་འབྲས་མེ་ལོང་ལྟོས༎ དཀར་ནག་མ་འདྲེས་བདེ་སྡུག་འདྲེན་མའི་གཟུགས༎ མཐོ་རིས་ངན་འགྲོའི་གནས་བཀོད་ཇི་ལྟའི་ཚུལ༎ མཐོང་ཚེ་དྲན་པའི་ངང་དེར་ཐེ་ལེ་རྒྱོབ༎ ཁ་དྲག་དཔུང་ཆེ་ང་རྒྱལ་རི་བོའི་སྤོ༎ ཆེར་རློམ་ཕལ་ཆེར་དམྱལ་བའི་དངོས་རྒྱུར་མཐོང༎ ཡུད་ཙམ་མི་རྟག་རྟག་འཛིན་འཁོར་བའི་གཤིས༎ སྨྱོན་པའི་སྣང་བློའི་དཔེ་འདྲ་ཨ་རེ་སྡུག༎ མི་རྟག་མཐོང་ཡང་མི་རྟག་མ་དྲན་པ༎ བདག་འདྲས་གདམས་ངག་བརྒྱ་ཕྲག་བསྒོམས་ཀྱང་འཆལ༎ ཚེ་འདིའི་བྱ་བས་ངེས་པར་ཡིད་སྐྱོ་བ༎ དེ་ཚེ་བདག་གིས་བསགས་པ་དོན་དང་ལྡན༎ མདོར་ན་སྲིད་དང་ཞི་ལ་མི་གནས་པའི༎ མཐའ་བྲལ་དབྱིངས་དེར་རང་སེམས་ངལ་བསོས་ནས༎ ཡང་ཡང་མར་གྱུར་དྲངས་མེད་སེམས་ཅན་ཚོགས༎ རིས་མེད་ཕན་བདེའི་དཔལ་ལ་འགོད་གྱུར་ཅིག༎ ཅེས་སྔར་བྲིས་པའི་རྣམ་ཐར་ཡང་རྒྱན་གྱི་སྤེལ་རྒྱན་དུ་བརྗོད་པའི་ཡང༎ དད་ལྡན་འགས་བསྐུལ་འདེབས་སུ་བགྱིས་པའི་ངོར་དགེ་སློང་རྣལ་འབྱོར་སྤྱོད་པ་པ༎ འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེས་ཇོ་ནང་གཟིམ་སྤྱིལ་དུ་ཡི་གེར་བཀོད་པའི་བགྱི་བ་པོ་ནི་མོས་ལྡན་སྨིན་གྲོལ་རྒྱལ་མཚན་ཞེས་བྱ་བས་བགྱིས་སོ༎ ་་༎ རྣམ་ཐར་མཚར་རྒྱན།