R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 45
[A:45]རེ་ལ་འདུལ་བའི་བསླབ་བྱའི་ཤོག་བུ་གསུམ་རེ་གཟུང། ཉིན་གུང་སྙན་ངག་གི་ཕྱི་མོ། རྩེ་ཐང་པ་སངས་རྒྱས་ལྷུན་གྲུབ། དྲུང་ཡིག་ཆོས་རྒྱལ། ཆོས་མཛད་ནམ་རྒྱལ་རྣམས་ཀྱི་མཆོད་ཡར་ཞིག་ཕྲན་བུ་འགའ་ཞིག་བལྟས་པས། ཚིགས་བཅད་རྐང་ཆག་ཐོ་རེ་བ་ཙམ་ཤེས་པ་བྱུང་བའི་འཕྲོས་སངས་རྒྱས་དབོན་ཆེན་པའི་སྙན་དུ་དགོངས་འདུག་པས། ཉིན་ཅིག་པདྨ་རྐང་གཏད་དུ་འབོད་པ་ལ་གནང་བྱུང། བཀྲ་ཤིས་བརྩེགས་པར་སླེབ་འཕྲལ། དྲུང་པ་སྙན་ངག་ཅིག་ལ་ཐུགས་མདུན་ཡོད་ན་འདི་ལྟར་མཛད་དགོས་གསུང། སྙན་ངག་མེ་ལོང་ལ་འཇུག་པའི་སྒོ་དང། དོན་འགྲེལ་པཎ་ཆེན་རིན་པོ་ཆེས་མཛད་པ་དེ་གཉིས་ཀྱི་ལུང་ཙམ་སྩལ། དོན་རྒྱན་གྱི་དཔེ། གུང་ཐང་པ་བདེ་བློ། སྤང་ལོ། བོ་དོང་ཐམས་ཅད་མཁྱེན་པ། དཔལ་མཁའ་སྤྱོད་དབང་པོ། སྒྲ་པ་སཾ་གྷ་ཤྲཱི། པཎ་ཆེན་རིན་པོ་ཆེས་ཐུབ་པ་ལ་བསྟོད་པའི་རབ་བྱེད། དེ་རྣམས་ཀྱི་དཔེ་ལག་ཏུ་སྩལ། རྗེ་ཉིད་ཀྱི་དབུ་བདག་གི་མགོ་ལ་རེག་ནས། མ་སྙིང་ནས་འབོད་དོད་བྱངས་ཅན་མ༎ མ་ལྟར་བརྩེ་བ་གང་གི་ཡིད༎ ཡིད་དམ་བཞིན་དུ་རྗེས་ཟུང་ལ༎ ལ་འོར་མཁས་པའི་སྤོབས་པ་སྩོལ༎ ཅེས་གསུང་ཕྲ་ལྷང་ལྷང་བ་རྣ་བར་སོན་པས། ཟོལ་དང་ཅམ་བུ་མ་ཡིན་པར་མི་ཤེས་མུན་པའི་ཆ་ངེས་པར་སེལ་བའི་རྗེས་དཔག་སྐྱེ་བ་བྱུང། དེར་ཇ་གྲལ་ལ་ཡང་ཡང་གླེང་བགྲོས་བྱུང་བས། སྙན་ངག་ཕུལ་བྱུང་དགོངས་པའི་རྣམ་ཆ་ཤར་འདུག། ད་འདི་དག་གི་ཚིག་དོན་ལ་ཤེས་རབ་ཞིབ་པོས་དཔྱད་ན་བསྟན་པ་སྤྱིའི་གནད་དོན་དགོངས་ཡོད་པ་ཡིན་གསུང། པཎ་ཆེན་རིན་པོ་ཆེས་མཛད་པའི་དམ་པ་ཏོག་དཀར་གྱི་བཟློས་གར། ས་ར་ཧ། ལཱུ་ནག་དྲིལ་གསུམ། རྒྱན་དྲུག། ཡོན་ཏན་འོད།