[A:289]ཁུར་གྱིས་ལྕི་བ་ཡིས༎
ཡོངས་འཛིན་ཡིད་བཞིན་ནོར་བུ་རྣམས༎
ཆོས་དབྱིངས་རྒྱ་མཚོར་ཐིམ་གྱུར་ནས༎
སྲིད་ཞུའི་ཡུལ་གྱུར་སྐལ་པ་ཕྲ༎
སྐུ་བརྙན་ཙམ་གྱི་ཆ་ཤས་ལ༎
རྗེས་དད་མིག་ཆུ་གཡོ་བཞིན་ཡང༎
བླ་མས་ནོར་བའི་དུས་དག་ལ༎
རྗེས་དྲན་བསྐུལ་ཕྱེད་མཆོད་ལ་བརྩོན༎
གང་དག་ཉི་འོད་མདུན་དག་ཏུ༎
སྲིན་བུའི་མེ་ཁྱེར་སྣང་འཛིན་ལྟར༎
དངོས་ཉིད་ལས་གཞན་འདྲ་འབག་དག༎
འབད་པ་ལྷུར་ལེན་བྱིས་བློའི་ཚུལ༎
བདག་ནི་བསགས་པའི་མཐར་ལྷུང་པས༎
ཡུལ་མཆོག་དངོས་མཐོང་ལས་གཞན་པའི༎
རྨི་ལམ་རོལ་པར་མཇལ་ཙམ་ལ༎
དགའ་བ་སེམས་འདི་ཐ་ཆད་དོ༎
ཨེ་མ་དམ་པའི་མགོན་གང་གི༎
གསུང་གི་དབྱངས་སྙན་རྣར་ལེན་ཞིང༎
ཞབས་པད་གུས་པའི་གཙུག་རྟེན་རྣམས༎
དགའ་བ་རྒྱ་ཆེན་སྒོམ་པར་རིགས༎
དེ་ཡང་དཔལ་ཇོ་མོ་ནང་གི་རི་ཁྲོད་ཆེན་པོར་དུས་ཁྲིད་དང་རྗེས་འབྲེལ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་སྐལ་བཟང་ཡེ་ཤེས་ཀྱི་མིག་ཅན་དུ་བསྒྲུབ་པར་བགྱིས་པའི་རྗེས་ཐོགས་ཉིད་དེར་ཇོ་མདའི་འདོམ་པའི་སྟོད་ཙམ་གྱི་དར་ཟམ་དེ་ལ་ཐོན་ནས་རྒྱ་མཁར་བརྒྱུད་ནས་དེ་ནུབ་སྨོན་འགྲོར་ཉལ། སང་སྨོན་འགྲོའི་ཕུའི་དགོན་ཆུང་གི་ལ་ལ་བྱས་ཆོས་ལུང་བྱང་རྩེར་ཕྱིན་པས་ལ་མཚམས་ཀྱི་ཕག་མོ་དུར་ཁྲོད་ཀྱི་པདྨ་བྲག་ཁུང་གི་ཐད་དེར་མཛེ་ཕོ་ཐར་པ་བས་སྟོད་རེས་དམར་པོ་ཤིན་ཏུ་ལེགས་པ་ཁ་གསུམ་སྦྲེལ་ཅིག་ཕུལ་བྱུང་བས་ཁོ་ལ་མཛེ་བྱུང་བ་མིན་ཅིང་མིང་ལ་མཛེ་པོར་བཏགས་པར་སྣང་བས་བསམ་དུས། མིང་གྲྭ་ལ་དཔགས་ན་དམ་ཚིག་གི་སལ་སེལ་ཨེན་ཙམ་གྱི་བརྡའ་ཆོས་དང། ཕུགས་རྗེ་རྣལ་འབྱོར་