R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 294
[A:294]པའི་སྤྱན་ཆབ་སེར་ཕྲན་ལྟར་འབེབས་པ་དེ་མཐོང་བས། ངེད་རང་སྙིང་ས་རྡོ་ལྟ་བུའི་རང་བཞིན་འདི་ཡང་ལུས་ཚུགས་མི་ཐུབ་པ་འདྲ་བའི་ཡིད་འབྱུང་དྲག་པོ་ལ་བཀོད་བྱུང། དེར་ཞག་འགའ་སྦྲེལ་བསྡད་རྗེས། དར་རྒྱས་ཆོས་སྡིངས་སུ་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་བས་འབོད་མི་གནང་བའི་དབང་གིས་ཕྱིན། དཔོན་སློབ་རྣམས་ལ་རྒྱལ་པོ་བཀའ་འབུམ་གྱི་ལུང་དང། སྐུ་ཁྲིད་བསྐྱེད་རིམ་དང་འབྲེལ་བ་སྐུ་ཡུང་འབྲུའི་ཚུལ་དུ་འཕོ་བའི་ཚུལ། གསུང་ཁྲིད་བཟླས་པ་དང་འབྲེལ་བ་གསུང་ཡིག་འབྲུའི་ཚུལ་དུ་འཕོ་བའི་ཚུལ། ཐུགས་ཁྲིད་འོད་གསལ་རྟགས་བཅུ་དང་འབྲེལ་བ་ཐུགས་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་འཕོ་བའི་ཞབས་འདོགས་དང་བཅས་པའི་དམར་ཁྲིད་དང། གྲྭ་དེ་ཕྱོགས་ཀྱི་མི་དམངས་འདུས་པ་ལ་ཚོགས་དབང་སྤྱན་རས་གཟིགས་འགྲོ་འདུལ་གྱི་དབང་མོ་ཆེ་བྱས་པའི་ཐོག་མར་བགེགས་བསྐྲད་ལ། ཁོང་པ་དཔོན་སློབ་རྣམ་པས་དྲག་པའི་ཆས་ཞུགས་ཀྱིས་ཁྲོ་འབག་དང་གྱིང་དང། མེ་འགལ་ཆུ་མདའ་རླུང་འཁོར་བྱེ་ནག་གིས་འབྲབ་པ་སོགས་འབྱུང་བཞིའི་བགེགས་བསྐྲོད་འཇིགས་རྔམས་ཅན་དང། ཡེ་ཤེས་དབབ་པའི་སྐབས། པི་ཝཾ། གླིང་བུ། རྒྱ་གླིང། རྔ། བསིལ་ཆོལ། མཁར་རྔ། སྦུ་ཁག། རག་དུང། དུང་དཀར། དྲིལ་བུ། ཌཱ་མ་རུ་སོགས་རོལ་མོ་རྣམ་པ་ཐམས་ཅད་པའི་སྒྲ་དབྱངས། རྫས་ཆེན་བཅོ་བརྒྱད་ཀྱི་དུད་པ་སོགས་བྱིན་འབེབས་རྒྱ་ཆེར་གནང། དཀྱིལ་འཁོར་ལྷ་ཞལ་སྟོན་དུས་གྲྭ་པ་གཞོན་ནུ་དང་སྐྱེས་ཕོ་མོ་ལྷའི། བྱད་དབྱིབས་ཀྱི་སྣ་འབག་དང་རྩེ་བྲན། དར་གོས་ཀྱི་ལུས་ཆས་ཤེལ་དང་རུས་པའི་རྒྱན་བཀོད་ཀྱིས་སྦྲས་པའི་ལག་ཆར་ཌ་དྲིལ་ཁུར་ནས་རྔ་བསིལ་གྱི་སྒྲ་དབྱངས་དང་རྗེས་འབྲེལ་དུ་མཆོད་