R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 296
[A:296]བའི་ནམ་ལྷུང་དང་དཔལ་འབར་བའི་གཅིག་རྗེ་བྲག་དམར་བའི་འབྲལ་སྤངས་མགོ་ཚེམས་བསྔོ་བརྟེན་ལ་བསྐུར་ནས་སླེབ་བྱུང་བས། རྗེ་འབུམ་པའི་དྲུང་ངེད་རང་ལ་ཤིན་ཏུ་དག་སྣང་ཆེས་ཆེ་བའི་དད་མོས་གནང་བའི་སྐུ་དྲིན་རྗེས་དྲན་དུ་ལག་ན་ཡོད་པའི་དངོས་བཅད་དེ་ཀུན་ཐམས་ཅད་ལྷག་ལུས་མེད་པར་རྒྱལ་ཆེན་གླིང་ན་བཞུགས་པའི་ཚོགས་དགེ་འདུན་སྒང་པའི་ཇོ་གདན་པ་རྣམ་པ་དང། ཁྱད་པར་གྲྭ་ཐང་ན་གྲྭ་ཚང་གསར་བཙུགས་ཆོས་རྗེ་ལེགས་ཤེས་བའི་རྩ་སློབ་ཞིག་གིས་སྐྱོང་བ་མཛད་པའི་ཕྱག་ཏུ་ཐེངས་ངེས་བྱས་ནས་བསྔོ་བ་སྨོན་ལམ་ཡིད་ཚིམ་པར་བཏབ་ནས་རྗེ་འབུམ་པའི་གདུང་ཚའི་དངོས་རྒྱུར་འཇམ་དབྱངས་ཀྱི་སྐུ་པར་ཆུང་ཆུང་མཚན་བསྒྱུར་སངྒྷ་པུརྱ་ཞེས་པའི་རྒྱབ་པར་གཉིས་གསར་དུ་བསྒྲུབས་ནས་ལོན་དང་བཅས་ནང་རྟེན་གྱི་གཟིམ་མལ་སྐུ་འདྲ་ཞིག་བཞེངས་ན་ད་ལྟ་འདི་ན་ཡོད་པའི་གནས་བརྟན་བཅུ་དྲུག་བཟོ་མིའི་བལ་པོ་འདི་རྣམས་ལས་ལྷག་པ་མི་འདུག་པས་ད་རེས་ཡར་ཡོངས་དུས་ཁྲིད་ནས་ཡོངས་ལུགས་བྱེད་སྨྲས་ནས་སྔ་འཕར་དུ་བརྫངས་རྗེས། ངག་དབང་ལ་དབུ་རྒྱན་བྱ་སྒྲོལ་མའི་བཞེད་འདོད་ལྟར་བཅོས། འབྲོག་ལམ་བརྒྱུད་ཡར་རེས་ལྷུན་པོ་རྫོང་ན་སྡེ་པ་བསྟན་འཛིན་པ་བཞུགས་པའི་དྲུང་དུ་མཇལ། དེར་རྒྱལ་ཕུར་འཛོམ་པའི་འགྲུབ་སྦྱོར་ལ། ཚོགས་བདག་གི་རྟེན་གཏོར་ཞིག་འཛུགས་པ་མཛད་ཅིང་རྗེས་གནང་ཡང་ཕུལ་ནས་གཞུང་ལམ་ནས་ཡར་འབྲོག་སྟག་ལུང་དུ་འོངས། སྡེ་པ་ཟིལ་གནོན་པའི་དྲུང་ལ་རྫོང་རྩེར་འདོད་པའི་རྒྱལ་པོའི་རྗེས་གནང་ཞིག་ཀྱང་ཕུལ། དེ་རེས་བསམ་སྡིངས་སུ་རྗེ་བཙུན་མ་སྤྲུལ་པའི་སྐུ་ཡེ་ཤེས་ལུས་ཅན་མ་དང་མཇལ་ཞིང། རྡོ་རྗེ་རྣལ་འབྱོར་མས་རྗེས་སུ་འཛིན་པའི་རྟེན་འབྲེལ་ཙམ་དུ་དར་