R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 302
[A:302]གནང། དེར་ཟླ་བ་བརྒྱད་པའི་ཚེས་དྲུག་ལ་ལྷ་དབང་རྩེར་གོང་ནས་ཀྱི་ཡུར་བཞུ་བ་མ་སོང་གསུང་བས། ལམ་འབྲས་ཞིག་གྲྭ་ཚང་ཆེན་མོའི་མཁན་སློབ་དྲུག་བསྡུས་ལ་འཆད་པའི་སྒང་ཡིན་པས་རྒྱུ་དབང་ཚར་འཕྲལ་ཕྱིན་ནས་མི་འཁྲུགས་པ་ལ་བརྟེན་པའི་བསྲེག་ཆོག་བྱས་ནས་ཡོངས། སླར་ལམ་འབྲས་གྲོལ་རྗེས་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་ངམ་རིང་ནས་བདག་པོ་ཆེན་པོའི་དྲུང་བསྙུང་ནས་འབོད་མི་སྐུ་ཞང་ཉིང་དཀར་བ་བྱུང་འཕྲལ་ཕྱིན། བཅུ་བདུན་ལ་མཇལ་བའི་ཟླ་བ་བཅུ་པའི་ཚེས་གསུམ་ལ་སྐུ་ཚེའི་འཕེན་པ་བཏང་བ་ཞིག་བྱུང་སོང། དེར་དགུང་ཞག་བར་ཀུན་རིག་གི་ཆོ་ག་ལྷོ་སྒོ་འཆག་མེད་བསྒྲུབས་ཤིང། ས་གཡོ་བའི་ཉེན་ལྷག་པར་ཆེ་བ་བྱུང་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེས་སྲོག་མ་ཆད་ཙམ་བྱུང། དེ་ནས་དགུན་ཆོས་སྟེང་སུ་གྲྭ་ཚང་ཆེན་མོ་བ་དཔོན་སློབ་རྣམས་ཇོ་ནང་དུ་གདན་དྲངས་ནས་ཕོགས་འབུལ་རྒྱུན་དང་ཁྱད་པར་གྱི་ཐུག་ཚུལ་མང་ཇ་སོགས་གང་ཐོན་གྱིས་དགེ་འདུན་ལ་ཚོགས་སོག་བྱས། དགེ་འདུན་གསུམ་བརྒྱ་ཟིན་ཙམ་བྱུང་བ་ལ་བཀའ་གདམས་གླེགས་བམ་ཕ་ཆོས་བུ་ཆོས་ཚང་བ་ཐིག་ལེའི་སྒོམ་ཁྲིད་དབང་དང་བཅས་པ་དང། ཇོ་ནང་རང་གི་དགུན་ཁྲིད་རྒྱུན་ལྡན་གྱི་ཁུར་ལེན་ཡང་ཚར་རྗེས། ཤར་ལམ་མགྱོགས་སྤྱོད་བྱས་ནས་རྒྱལ་རྩེར་ཕྱིན། སྡེ་པའི་དྲུང་སྐུ་ཁམས་དུབ་པ་རང་འདུག་པ་ལ་ཚེ་དབང་གྲངས་བཏབ་མང་བ་དང། གཏོར་བཟློས་སོགས་སྒོ་དུ་མས་ད་རེས་བསྙུང་བ་དྭངས་བསྐྱེད་ཡོད་པ་བྱུང་སྐབས། ཆོས་སྡེར་མཁན་རིན་པོ་ཆེའི་སྐུ་གདུང་གཤེད་དམར་ལ་བརྟེན་པའི་འོད་བཞུར་ཕུལ། ནང་རྟེན་བྱམས་པའི་སྐུ་ལ་རྒྱུར་གསེར་ཞོ་བཞི་བཅུ། དཔལ་འབྱོར་གྱི་གཅིག་དང་ཞེ་གཅིག་ཕུལ་ནས། པ་ནམས་སུ་