[A:303]དཔོན་ས་ཨ་ཁྲིད་ཀྱི་མཚན་བྱང་བསྲེག་པའི་ཆོ་ག་ལམ་སྟོན་བྱས། གཞིས་ཀར་ཞབས་དྲུང་དུ་དོ་ཧ་སྐོར་གསུམ་གྱི་རྣམ་བཤད་པར་ཕུ་བ་བློ་གྲོས་སེང་གེའི་ཊིཀྐའི་སྟེང་ནས་ཞིབ་བཤད་དང། རྗེ་མཁྱེན་བརྩེ་རྩོམ་ཡིག་ཞལ་ལེན་གནང་བའི་བསྙེལ་ཐོ་གཟབ་རྒྱས་ཀྱང་འབྲི་བ་མཛད་ཅིང། རྒྱལ་བའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་མདོ་བཀོད་གཟབ་བྲིས་རྣམས་ལ་རབ་གནས་ལེགས་པར་བསྒྲུབས་གསུང་བའི་བཀའ་ལུང་ལྟར་ཆོ་ག་མཐར་ཕྱིན་བགྱིས་ནས་སྟག་ལུང་ལ་ཕྱིན། ས་ག་ཟླ་བའི་བཅུ་བདུན་དུས་ཆེན་ལ་སྟག་ལུང་གི་ཆོས་གྲྭར་སླེབ། ཟླ་བ་དེའི་གནམ་གང་ལ་རྗེ་ཟླ་བ་མགོན་པོ་རྨི་ལམ་དུ་ལྷག་པར་གསལ་བར་བྱུང་བས་རྐྱེན་བྱས་ནས། མོས་དུངས་གློ་བུར་བ་འདྲ་བས་བློ་བསྐུལ་ཏེ། དགེ་འདུན་གཞིར་བཞུགས་དཔུས་སྒྲུགས་དངོས་གཙང་རང་རྒྱ་དང། ཆོས་ཕུག་དབོན་ཆེན། ནང་སོ་གྲོ་ལུང་པ། ཆོས་རྗེ་རིག་འཛིན་པ་སོགས་རང་རེའི་རྒྱུན་སྡེ་བརྒྱད་ཙམ་ལ་དབང་བསྐུར་རྡོ་རྗེ་ཕྲེང་བ་གཟབ་རྒྱས་རང་ཞིག་བྱས་ཤིང། དེ་དུས་གཙོ་བོར་དཀྱིལ་འཁོར་གང་དང་གང་གི་གཙོ་བོ་བླ་མར་གསལ་ལྷག་པར་བཏབ་པའི་དབང་ལེན་པ་རང་ལ་ནན་ཆགས་ལྷུར་ལེན་པའི་རང་གདངས་བློ་ལ་འགག་མེད་ཤར་བ་ཅིག་བྱུང་བ་རྗེས་སུ་བསམས་པས། དེའི་གནམ་གང་ལ་རྗེ་རབ་གསལ་ཟླ་མགོན་པ་གཤེགས་པར་འདུག་པ་ལ། དུས་ཟིངས་པས་ངེད་ལ་ལོན་ཆ་སོགས་མ་ཐེངས་པ་ཡིན་ཚོད་དུ་འདུག་པ་ལ། བསམ་དུས་མཆོག་གི་རྡོ་རྗེ་སློབ་དཔོན་བཀའ་དྲིན་ཅན་དེའི་དགུང་ཞག་མ་རྫོགས་བར་ཉིན་རེ་བཞིན་རང་དབང་བཞི་ལེན་པ་དང། སྣོད་ལྡན་གཞན་ལ་ཡང་དབང་བསྐུར་བའི་འགྲོ་ཕན་ངང་གི་བླ་མའི་དགོངས་པ་རྫོགས་པ་སྐལ་པ་ཆེ་འདུག་སྙམ་པ་རྗེས་ལ་