R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 306
[A:306]སྐལ་བ་ཡོད་ཙམ་གྱི་སྨོན་ལམ་འདེབས་གསུང་བ་བྱུང་བས། ངེད་རང་མིག་ནས་འཆི་མ་ཤོར། སྐུ་མདུན་རིན་མོ་ཆེ་ངེས་པའི་དོན་དུ་ནི་རྗེ་རྡོ་རྗེ་གདན་པ་ཆེན་པོ་དེ་ཉིད་ཀྱི་སྐུ་ལས་སྐྲུན་པར་འདུག། རྣམ་པར་གྲགས་ཚོད་དབོན་སྲས་ལྷ་དབང་ཀུན་དགའི་སྲས་མོར་བརྟགས་པ་དེ་ཡིན་ཅིང། གང་ནའང་མངལ་སྐྱེས་ཀྱི་མཁའ་འགྲོ་མ་དངོས་ལགས་དུས་ཐ་སྙད་སེར་ཚུགས་འདྲ་བ་ལ་ཅི་ལྟོས་ཡིན། བདག་ལ་མཁོས་གང་ཡོད་ཀྱི་སྒོ་ནས་འདི་དང་ཚེ་རབས་དུ་མའི་སྨོན་ལམ་འདེབས་ཞུས་ཡོངས་དུས་ཀྱང་སྔ་སོར་ངེད་རང་གིས་ཕུལ་བའི་ཇ་སིག་སྔ་རྟིང་གཉིས་ཙམ་ཡང་བདེ་སྤྱོད་གཏན་ནས་མ་གནང་བར་དེས་གཙོས་པའི་འབུལ་བ་རྣམ་གྲངས་འགའ་ཞིག་མཛད། ངེད་ཀྱི་ལག་པ་ལ་ཕྱག་གིས་བཟུང་ནས་ཐུགས་ཀྱི་མི་བརྙེལ་བ་ཞུ་ཞུ་གསུང་བའི་བཀའ་ནན་ཀྱང་འབྱོན་པའི་ཡིད་ལྷག་པར་ཕྲེང་བའི་ངང་ནས་ལམ་བསྲངས། ལྷ་རྩེར་གོང་ནས་སྐུ་མཆེད་རྣམ་པ་གཉིས་ཀྱི་སྔོ་ལོ་བདག་པོ་ཆེན་པོས་བཀའ་སྐྱོན་དོས་དྲག་ཕབ་དུས་སེམས་གསོ་དང་གང་ཕན་གནང་བའི་དྲི་བསོབ་ཏུ་འབུལ་བའི་བརྡ་མཚོན་འཇམ་དབྱངས་སྨྲ་སེང་མ་ན་ཧུའི་སེང་གེ་ལ་དངུལ་ཀྱི་སྐུ་རྒྱ་ནག་གི་བཟོ་ཁྱད་མཚར་ཆེ་བ་དང། གཡང་ཏྲེའུ་དཀར་པོའི་སྤོས་འཛིན་འབྲུག་གཟུགས་ཡ་མཚན་ཆེས་ཆེ་བ་སོགས་འབུལ་བ་དངོས་གང་དག་འགའ་ཡིད་ཀྱིས་ལོངས་པར་ཕྱག་ཏུ་ཕུལ་ནས། ཆུ་བརྒལ་སྨོན་འགྲོ་དང་ཆོས་ལུང་བྱང་རྩེར་ཞག་ཅག་མལ་ཙམ་བྱས་རྗེས། སླར་རྩེ་ལྔ་གདོང་ཁ་བརྒྱུད་ནས་ཇོ་ནང་དུ་དགུན་ཁྲིད་གཏིང་སྐྱེས་ནས་ཆོས་མཛད་མ་ཀུན་དགའ་ལྷ་སྒྲོན་མས་དབུས་མཛད་ལ་བཙུགས་པའི་དམ་པོའི་སྐབས་རྒྱལ་རྩེ་ནས་སྡེ་པའི་སྐུ་ཁམས་མ་བདེ་བས་འབོད་མི་རིམ་ཅན་བྱུང་ཡང། སྒྲུབ་སྡེ་རྣམ་པས་ངུད་