R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 315
[A:315]བརྐྱངས་ཞིང་ཇོ་གདན་ཚོགས་པ་ལ་སྔ་སོར་གསེར་གྱི་སྤྱི་ཁེབས་ལ་པད་ཚལ་བས་ནས་ཁལ་ཉིས་བརྒྱ། རྗེས་སོར་གདོང་སྔོན་པའི་གཡུ་ལ་ཁལ་བརྒྱ། རྒྱ་བར་བའི་སྣ་ཆ་རྣམས་དགེ་སྒྱུར་ཕུལ་ནས་བྱང་དུ་སྡེ་པ་ཛཾ་ལའི་དྲུང་གི་སྐུ་གདུང་དྲུང་དུ་དབྱར་རིངས་ཆོ་ག་མ་ཆག་པ་ལ། བུ་སྒྲུབ་ཆེན་རྣམ་གྲོལ་སེང་གེ་དཔལ་བཟང་པོ་ལ་འདོད་ཆོས་གང་ཡོད་དང། དབྱར་སྨད་དབོན་པོ་ཀུན་དགའ་དཔལ་བཟང་པོ་དང། སློབ་དཔོན་ཁར་སྒོ་བ་རྣམས་ལ་ལམ་འབྲས་སྔར་གྱི་ཆོས་ལྷག། འཕགས་པའི་བཀའ་འབུམ་ཡོངས་རྫོགས། ནི་གུའི་ཁྲིད་སོགས་དང། གོང་ནས་ཛཾ་ལའི་སྤུར་བཞུ་དང་ནང་རྟེན་སྨན་བླ་བྱམས་པའི་ནང་བཞུགས་རབ་གནས་ཚར་འཕྲལ་ཤར་ཕྱོགས་ལ་འོངས་ཆོས་ལུང་དུ་ཡུད་ཙམ་བསྡད་རྗེས། གཏིང་སྐྱེས་བརྒྱུད་རྒྱལ་རྩེར་སྡེ་པ་ཆོས་རྗེས་དབུ་མཛད་ལ་ལམ་འབྲས། ཆོས་སྡེར་ས་དགེའི་འདུས་པ་གཉིས་ཚོགས་ལ་བཀའ་གདམས་གླེགས་བམ་ཕ་ཆོས་བུ་ཆོས་ཐིག་ལེ་བཅུ་དྲུག་གི་དབང་ཁྲིད་རྣམས་དང། ནི་གུའི་ཁྲིད། དབང་རྗེས་གནང་རྣམ་གྲངས་དཔག་མེད། ལམ་འབྲས་པ་གང་ཡོད་ལ་འཕགས་པའི་སྤྱི་ཆུང་ལྗོན་ཆུང་དག་ཆུང་ས་དཔྱད་འཕགས་འཆན་རྣམས་ཀྱི་སྟེང་ནས་བརྟག་གཉིས་ཀྱི་མགྱོགས་བཤད་ཚར་གཅིག་རྣམས་གྲུབ་འཕྲལ་བྱམས་ཆེན་ནས་ཆོས་རྗེ་ཤར་ཆེན་པ་འབོད་པ་ལ་བྱོན་བྱུང་པ་དང་ལྷན་ཅིག་བྱམས་ཆེན་དུ་འོངས་ནས། ཆོས་རྗེ་རིན་པོ་ཆེ་འབྲས་ཡུལ་ནས་དབུ་མཛད་སློབ་དཔོན་རྣམ་པ་སོ་སོ་དང་བཅས་པའི་དྲག་བསྡུས་རང་ལ་ལམ་འབྲས་ཡིག་སྣ་དྲུག་ཅུས་རྒྱན་པའི་ཆ་ལག་དང་བཅས་པའི་ཞིབ་བཤད་ཆོས་ཡུན་རིང་ཞིང་བཤད་བབས་འགྲིལ་བའི་འདོམས་གང་ཆེའི་རྒྱུ་དབང་གྲོལ་མཚམས། གཞིས་ཀར་