R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 61
[A:61]འདུག་པ་ལ། ཉིན་རེ་བཞིན་བཀའ་གདམས་གླེགས་བམ་གྱི་ལུང། རྗེ་ཡབ་སྲས་ཀྱི་ཐུགས་དམ་མ་གྲོལ་གསུང་ཚང་བར་ཞུས། དེ་ནས་དཔོན་སློབ་ལྷན་དུ་སྐྱེས་མདུན་གྱི་དགོན་གནས་སུ་རྒྱུད་གསུམ་གྱི་འཆད་བཤད་ཙམ་གྱིས་ཆོས་ཐུན་མ་ཆགས་ངོས། གཙོ་བོར་ཡབ་སྲས་ཐུགས་ཕབ་པའི་གསུང་འཕྲོས་འབའ་ཞིག་གིས་དུས་འདའ་བར་མཛད། ཕྱིས་བསམ་པས་དེ་དུས་ཀྱི་གསུང་རྣམས་མ་འོངས་པའི་གནས་སྒྲིབ་མེད་དུ་གཟིགས་པའི་ལུང་བསྟན་ཁོ་ནར་འདུག་ནའང། ངེད་རང་འཁོར་བས་བཅིངས་པའི་མཁན་པོའི་མིང་བཏགས་དེས་དབྱར་གནས་ཀྱི་གཙོ་བོ་ལ་འབོད་མི་དེས་དྲག་གིས་བསྐུལ་ནས་ཡོངས། དབྱར་སྔ་མ་ནས་ཁས་བླངས། ཆོས་རྗེ་པའི་བཞུགས་ཁྲིའི་སྟེང་དེ་ཉིད་ནས་སྔ་ཕྱིའི་ཆོས་ཐུན་མ་ཆག་པར་པཎ་ཆེན་ཆོས་རྗེའི་བསླབ་བྱ་ཆེན་མོ། གླེང་འབུམ་དང་སྦྱར་ལུང་སྡེ་བཞི་ལག་ཏུ་བཞག་པ་ལྟ་བུའི་ཟབ་བཤད་བྱས། དོན་བསྡུར་དྲུང་ནས་རིན་པོ་ཆེའི་གསུང་རྒྱུན་བསླབ་བྱ་ཟིན་ཐུན་དུ་སྤར། སྔ་ཆོས་ལ་མདོ་རྩའི་དཀའ་འགྲེལ་ཉི་མའི་ཤིང་རྟ་དང། རྒོངས་ཆོས་ལ་ལས་རྒྱvc: བརྒྱའི་ཊིཀྐ་ཟླ་བའི་ཤིང་རྟ་བ་དན་དཀར་པོའི་རྔ་དབྱངས་སུ་གྲགས་པ་དེ་གཉིས་ཀྱི་ལུང་ཙམ་བཀླགས། གཞི་གསུམ་ཆོ་ག་བདུད་རྩིའི་རོལ་མཚོའི་ཕྱག་ལེན་འཁྲུལ་མེད་དུ་འདོམས་པའི་སློབ་དཔོན་མཁས་པའི་དྲུང་དུ་སྒྲོ་འདོགས་བཅད། ཡིད་ཆེས་ཆན་བུར་བཏབ་པའི་སྔོན་བསུ་ཡོད་པ་དེ་ཇི་ལྟ་བར། དུས་བཟང་དང་སོ་སོ་ཐར་པའི་མདོ་འདོན་པ་རྣམས་བསྟན་པའི་མིག་རྒྱན་ལ་ཕན་པའི་གསལ་དག་སྙན་གསུམ་ལྡན་པས། ཤེས་ལྡན་སྐྱེ་བོ་ངང་གིས་ཡིད་འཇུག་པའི་ལེགས་བྱས་སྤེལ། དབྱར་གནས་རིང་དྲུང་པ་ཆོས་རྗེའི་དྲུང་ནས། བཀའ་འབུམ་པོད་བཞི་མའི་ལུང་གནང་ཞིང།