[A:64]འདིའི་རྒྱུན་འཐུད་པའི་བསླབས་སྦྱངས་བྱེད་རྩིས་ཁོ་ན་ཡིན་ཅིང། ཆོས་རྗེ་བྱམས་པ་གླིང་པའི་དྲུང་ནས་ངེད་ལ་ཡང་ཁྱེད་མདོ་སྔགས་ཀྱི་ནན་ཏན་ཁོ་ན་འཇུར་དགོས་པའི་ཐུགས་ཚའི་རྟིང་བཀུལ་ཡང་གནང་བྱུང་ནའང། ཁྱོད་ཀྱིས་ཤེས་ན་ཆོག་པའི་དགེ་བཤེས་ཀྱི་འཛིན་ཚུགས་མ་ཤོར་བའི་ཐོས་བསམ་བསྒོམ་གསུམ་ཐུན་དུ་བཅད། ཉིན་མཚན་ཁོར་མོར་སྒྲུབ་པའི་དམིགས་རྐྱེན་གང་ཡང་མ་ལོབས་པར། མ་ཤེས་ཀྱང་ཆོག་པའི་བསྐང་གསོ་དང་རྔ་བརྡུངས་རྣ་བ་རྩེད་པའི་སྦྲམ་སིལ་འདི་ཙམ་བཀག་ཀྱང་མི་ཁོགས། བསྙེན་སྒྲུབ་བཟླས་གསུམ་ཅིག་མ་སོང་བའི་བོན་ཁྱེར་འདིས། བར་ཆད་ཀྱི་འཇུག་སྒོ་ཆེན་པོར་སོང་དགོས་འདུག་པས། དགུན་ངོ་འདི་གཞི་བསྙེན་བྱེད་པའི་ལུགས་ཀྱིས་གསུང་བ་ཐོབ་ཕེབས་ཤིང། སྔར་གསེར་མདོག་ཅན་དུ་ཀུན་སྤངས་རིན་པོ་ཆེས་ཆོས་སྐྱོང་གི་གཏོར་སྒྲུབ་བསྐང་གསོ་གནང་བའི་ཕྱག་ཕྱིར་ལན་འགའ་ཕྱིན་པས། དབྱངས་དང་ཆོག་བསྒྲིགས་རྣམས་བཅོལ་པོ་བླངས་པ་ལྟར། ཟུར་ཙམ་ལ་ལོན་བྱུང་བ་སེམས་དྲངས། བྱང་ངམ་རིངས་སུ་བསྡོད་རིན་དང། ཡུལ་དུ་ཡང་དབྱངས་དང་རྔ་བརྡུངས་ཁོ་ན་ལ་བློ་གཞོལ་བས། མཚན་གང་རྔ་བརྡུང་བ་ཡང་ལན་མང་དུ་བྱས། མཆོད་གཏོར་བློ་ཡུལ་ལས་འདས་པ་བཤམས། གྲོགས་མི་རེ་རེ་གཉིས་གཉིས་ལས་མེད་ཀྱང་རྔ་སྒྲས་ནང་ཐམས་ཅད་གང་བ་འདྲ་བ་ཡོང། ཁྱད་པར་ཆོས་སྐྱོང་གི་བཀའ་བསྒོ་དང། ཕྲིན་ལས་ཞུ་བའི་ཚེ། མདུན་ན་མངོན་སུམ་དུ་བཞུགས་ཡོད་པ་འདྲ་བའི་བསམ་པའི་ཟིལ་དང། ལུས་ཉམས་བན་མ་བུན་མ་ཡོང་བ་ཡོད། དེ་རང་གི་རྒྱུན་འཇགས་ན། མིང་ཆོས་སྐྱོང་གི་གྲུབ་ཐོབ་ཏུ་གྲགས་པའི་ཟོག་པོ། དགྲ་ལས་ཀྱི་ཤི་ཚད་རང་གིས་བསད་པར་