R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 67
[A:67]འབུམ་ཊཱིཀ་ཚང་བའི་ལུང། དེ་དང་འབྲེལ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་བདེ་བའི་འབྱུང་གནས་སྟེང་དགའ་ལྡན་ལྷ་ཡུལ་ནས་བརྒྱུད་པ། ལོངས་སྤྱོད་ཀྱི་འབྱུང་གནས་འོག་ཀླུ་ཡུལ་ནས་བརྒྱུད་པ། རིག་པའི་འབྱུང་གནས་ཤར་ཕྱོགས་བྷམ་ག་ལའི་ཡུལ་ནས་བརྒྱུད་པ། ཡོན་ཏན་གྱི་འབྱུང་གནས་ལྷོ་ཕྱོགས་བྷེ་ཏའི་ཡུལ་ནས་བརྒྱུད་པ། བྱིན་རླབས་ཀྱི་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་ནས་བརྒྱུད་པ། ངོ་མཚར་གྱི་འབྱུང་གནས་བྱང་ཕྱོགས་བི་ཤྲཱ་ཀོ་ཊ་ཙན་དན་གྱི་གླིང་ནས་བརྒྱུད་པའི་བཀའ་བབས་དྲུག་པོའི་སྙིང་པོའི་དོན་ཐམས་ཅད་ཀྱི་བཅུད་བསྡུས་ནས་སྟོན་པའི་དོན་ཁྲིད་ཡིད་ཆེས་ལྡན་པ་ཐོབ་པའི་རྗེས། རང་གི་དགོན་པར་དབྱར་གནས་ཀྱི་གཙོ་བོ་ལ་སྔར་བཞིན་ཕྱིན། སྔ་ཕྱིའི་གཏོང་ཆོས་སྡོམ་གསུམ། ས་པཎ་ཉིད་ཀྱི་རང་མཆན། ལྷོ་དམར་གཉིས་ཀྱིས་མཆན་སྣ་སྲིངས་པའི་སྟེང་དུ། དམར་དང། སྲོ་ལུང་ཀུན་སྨོན་གྱི་ས་དཔྱད་བཅུག། འདུལ་བ་སེང་གེའི་ཕྱོགས་སྔའི་ངོས་འཛིན་གྱི་གཟེར་བཏབ། ཕྱོགས་བཅུའི་སངས་རྒྱས་ལ་ཞུ་ཕྲིན། ཆག་ལོ། ཞང་ལོ། གློ་བོ་ལོ་ཙཱ་བ། བཀའ་གདམས་དོ་སྐོར་མ། བཀའ་བསྡམས་vc: གདམསནམ་མཁའ་འབུམ། རྟོགས་ལྡན་རྒྱན་པོ། རྟོགས་ལྡན་ཕྲུ་མ་སོགས། ཆོས་རྗེ་ས་པཎ་དང། ཆོས་རྒྱལ་འཕགས་པ་ལ་སྡོམ་གསུམ་རབ་དབྱེ་མ་བརྟེན་ནས་དྲིས་པའི་དྲིས་ལན་མ་ལུས་པ་ཕྲ་ཚོམས་བཀོད་དེ། ས་པཎ་ཉིད་ཀྱིས་མཁས་པ་འཇུག་པའི་སྒོར་ཇི་ལྟར་གསུངས་པ་ལྟར། བློ་ཆེན་ཟབ་ཅིང་རྒྱལ་ཆེ་སྟེ༎ བློ་དམན་གོ་བདེ་གཟུང་སླ་བ༎ དེ་ལས་ཟློག་ན་མཁས་རྨོངས་ཀྱིས༎ སློབ་མ་དགའ་བ་བསྐྱེད་མི་ནུས༎ ཞེས་པའི་མན་ངག་ལས་འབྱུང་བ་ལྟར། སྤྱི་བཤད་དུ་ཚད་ཐུབ་འགྲེལ་ཆེན་བཞིར་བཏགས་པ།