[A:68]ལྷ་བཙུན་བསམ་ཡས་པ། སྤོས་ཁང་པ་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་སྒ་གདོང་པ་ཆེན་པོ། ལས་ཆེན་གཞོན་ནུ་སེང་གེས་མཛད་པ་བཞི་དང། བྱང་པ་དཀོན་མཆོག་གྲགས་ཀྱིས་སོ་ཐར་བྱང་སེམས་ཀྱི་རྒྱས་བཤད། བུ་སྟོན་རིན་པོ་ཆེའི་ས་འབྲིའི་ཤན་འབྱེད། ཡང་དགོན་པའི་སྡོམ་གསུམ་ཞུས་ལན་སོ། པཎ་ཆེན་འཇིགས་མེད་གྲགས་ཀྱི་སྡོམ་གསུམ་སྒོ་དབྱེ། སྒྲ་པ་ཤེས་རབ་རིན་ཆེན་དང། མི་ཉག་ཆོས་གྲགས་དཔལ་བཟང་གིས་ཊཱིཀྐ་རྣམས་ཀྱིས་མི་འདྲ་བའི་ཁྱད་པར་སོ་སོ་རྣམས་བཤད་པའི་རྣམ་གྲངས་སུ་བཀོད། པཎ་ཆེན་ཆོས་རྗེའི་དྲི་བ་བརྒྱ་རྩའི་ལན། རྗེ་རྭ་སྟོན་པ། བཀའ་བཅུ་པ་དཔལ་ཆེན་པོ། ཉི་ཕུག་པ་སེང་གེ་བཟང་པོ། ཆོས་ཟོམ་པ་ཤེས་རབ་སེང་གེ། རི་ཏི་སྐྱོག་ཆོས་དཔལ་བཟང་པོ། མི་ཉག་ཆོས་གྲགས་དཔལ་བཟང། སྣར་ཐང་བཀའ་བཞི་པ་ཤེས་རབ་ཚུལ་ཁྲིམས། ཀུན་མཁྱེན་བསོད་ནམས་སེང་གེ། སློབ་དཔོན་ཡོན་ཏན་འབྱུང་གནས་རྣམས་ཀྱི་དྲིས་ལན་དགུ་པ་དག་དང། དྲི་བ་མཛད་པ་པོ་ཉིད་ཀྱི་སེར་ཐུར་དུ་ལན་འདེབས་གནང་བ། ཕན་ཚུན་ནང་སེལ་ཕྲ་མོ་ནས་ཤན་འབྱེད་པའི་དོགས་པའི་མཐའ་ཆོད་རྒྱ་ཆེར་འགྲེལ་བའི་ཆོས་ཐུན་ཤིན་ཏུ་རིང་བ་སྲོད་ཐོ་རངས་འཆག་མེད་དུ་བཤད་ཅིང། ཚ་བ་ཐོན་རྗེས་རྣམ་རྒྱལ་དུ་སྒྲུབ་ཐབས་བརྒྱ་རྩ་ཞུ་བ་ལ་བསྙགས། དགོངས་ཇ་སྟེང། དྲུང་པ་ཆོས་རྗེའི་དྲུང་དུ་རྒྱུད་གསུམ་གྱི་ལུང་ཞུས། དབྱར་གནས་གྲོལ་མཚམས་དཔལ་མགོན་བྱམས་པའི་གླིང་དུ། པཎ་ཆེན་རིན་པོ་ཆེ་དང་མཇལ་བས་ཕྱག་ཐལ་མོ་ཐུགས་ཀར་སྦྱར། ཕ་ལ་བུ་སྐྱེས་འདུག། སྡོམ་གསུམ་འཆད་པ་པོ་མང་སྟེ་འདི་འདྲ་འཆད་མཁན་མེད། ཨ་ལ་མ་ས་སྐྱ་པཎ་ཆེན་གྱི་བཀའ་བསྲུངས་ཡོད་ན་ཕྲིན་ལས་སྒྲུབ་