[A:24]གཟའ་ལྷག་པ། སྐར་མ་མེ་བཞི། འཕྲོད་ཀུན་དགའ། སྦྱོར་བ་མཛའ་བོ་རྣམས་འཇོམ་པ་ལ། ཤག་མ་ཁང་རྙིང་པ་དེ་ཉིད་དུ་བདེ་བར་བཙས་ཅེས་གླེང་ལ། དུས་དེར་སྐྱེད་མོས་ཚལ་གྱི་ལྡུམ་ར་ན་མེ་ཏོག་རྒྱ་མེན་སུམ་ཐོག་རེ་རེ་ཞིང་ཡང་ཁ་དོག་མི་གཅིག་པ། ཐོག་སྟེང་མ་དེའི་ཟེའུ་འབྲུའི་དབུས་ན་འདབ་མ་ལྗང་སེར་རྒྱངས་ཀྱིས་འཐོན་པ་ཞིག་འཁྲུངས་པ། གསེར་ཁང་གི་རྟེན་རྣམས་ཀྱི་དྲུང་དུ་ཕུལ་བས། ཟླ་བ་ཕྱེད་ཙམ་གྱི་བར་དུ་མ་རྙིངས་པར་ཐུབ་པ་དེ་དུས་ཀྱི་སྐྱེ་བོ་ཀུན་ལ་མངོན་སུམ་དུ་གྱུར། དེ་ནས་ཟླ་བ་འགའ་ཞིག་ལོན་པ་ན། རྭ་སྟོན་ཆོས་རྗེའི་དྲུང་དུ་མིང་ཞུ་བ་ལ་ཕྱིན་པས། བྱིས་པ་འདི་སྒྲོལ་མ་འབུམ་ཐེར་བཙུགས་པའི་རྗེས་རང་ལ་སྐྱེས་བྱུང་པས་མིང་སྒྲོལ་མ་འབུམ་དུ་ཐོགས། བཙུན་པའི་བག་ཆགས་བཟང་པོ་འདུག་པས་ཆོས་སྒོར་ཆུག་ཅེས་ལུང་བསྟན་གནང་ཞིང། སྔ་ཕྱིར་མ་དང་ལྷན་དུ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་ལན་གྲངས་དུ་མ་དང། སྒྲོལ་མ་དཀར་མོ། རྟ་མགྲིན་ལྕགས་རལ་ཅན། ཕྱག་རྡོར་ཨུ་ཙརྱ་རྣམས་ཀྱི་བཀའ་ལུང་ཐོབ་ཟེར།
དེ་ནས་ལོ་བཞི་ཙམ་གྱི་བར་དུ་བྱང་སེམས་རིན་པོ་ཆེ་བར་ཆད་ཀྱིས་མི་བརྫི་བར་བྱ་བའི་ཆེད་དུ་བཀའ་རྗེས་གནང་དུ་མ་གནང་བ་ཐོ་རོ་ཙམ་དྲན། ཁྱད་པར་དྲུང་པ་ཆོས་རྗེ་པས་ཐུགས་དམ་ཟབ་མོའི་སྐྱབས་འོག་ཏུ་གཡེལ་བ་མེད་པའི་བཀའ་དྲིན་བསྩལ་ཞིང། སྐབས་སུ་ཚེ་དབང། སྒྲོལ་དཀར་གུར་མགོན་གྱི་བཀའ་བསྒོ་ཡང་ཡང་གནང།
ལོ་བཞི་ཙམ་ལོན་པ་ན། ཕུ་ཕག་དགོན་པ་མཇལ་དུ་ཕྱིན་པའི་ལམ། བྱམས་གླིང་གི་མདུན་དུ་སླེབ་པ་ན། ཨ་ལི་ཨ་ལི་ཡི་ན་ཡི་ན་ཟེར་ཞིང། དགོན་པའི་གྲྭ་ཁང་རྣམས་མཐོང་བས་བག་ཆགས་སད་པའི་བློ་ཉམས་མང་པོ་བྱུང།