[A:69]རན། མི་རྒན་ཤི་བའི་ཤུལ་འདི་ཟུང་ལ། འདི་ན་ལག་དྲིས་རང་དུ་བྱས་པའི་མན་ངག་སྙེ་མས་གཙོ་བྱས་རྒྱ་འགྲེལ་བཅོ་བརྒྱད་ཙམ་མཆིས་པ་འདི་དག་ལ་ཀུན་ཆུབ་པར་མཛད་པ་ཞུ། བསྟན་པ་སྤྱི་ལ་དགོངས་པའི་ཐུགས་བསྐྱེད་བཟང་པོ། ཕྱོགས་རེ་ལ་ཨ་མ་འཐས་པའི་རྒྱ་འབག་གི་མིག་ལྟར་འཁྲུལ་ཆགས་པ་ཅིག་ངེས་པར་ཕྱག་ལེན་ལ་ཐེབས་པ་རང་དགོས། མདོ་རྒྱུད་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་མ་ཚང་བ་མེད་པར་ཁ་ཕྱེ་བ་བྱང་ཆུབ་སེམས་དཔའི་འགྲེལ་པ་རྣམས་ཡིན། འདི་དག་ལ་སྦྱངས་པ་མི་ཆུང་བ་བགྱིས་ཀྱང། ད་ཁ་རྒས་ངེད་ཀྱིས་འབུལ་ཐུབ་པའི་སྐལ་བ་མི་འདུག། དབུས་གཙང་དག་པའི་ཞིང་ཡིན་པས། དེར་དཀའ་ཚེགས་ལ་མ་འཛེམས་པར་གསན་སྦྱོངས་མཐར་ཕྱིན་གནང་དགོས། ས་སྐྱ་པ་རང་སྣང་གི་ཆོས་ལ་རང་ཡུལ་ལས་ལྷག་པ་བཙལ་བས་མི་རྙེད་ཅིང། དངོས་གྲུབ་ཀྱི་རྩ་བ་རྡོ་རྗེ་སློབ་དཔོན་ཆོས་རྗེ་མཆོག་གྲུབ་པ་ཉིད་ལ་བསྙེན་པ་ལས་ལྷག་པ་མེད་པས། དེ་ལ་སྔོན་རྗེ་བཙུན་གྲགས་པས་ས་པཎ་ལ་གདམས་པ་ལྟར། ཁུ་བོའི་འདུ་ཤེས་ལས་ཟློག་ནས་སངས་རྒྱས་སུ་གཟིགས་པའི་རྟེན་འབྲེལ་མ་ལོག་པ་འཚལ་གསུང་བ་དང་བཅས་ཆོས་ཀྱི་མཛད་པ་མཐར་ཕྱིན་པའི་དགའ་སྟོན་ཡིན་ཅེས་རྟེན་ཁེབས་བཟང་བསྒྲིགས་ཤིན་ཏུ་ལེགས་པ་ཅིག་གནང་སྦྱིན་བསྩལ། དབྱར་སྨད་རྣམ་རྒྱལ་ཆོས་སྡེར་སྐྱས། ལམ་འབྲས་ཆ་ལག་ཐོར་ཙམ་ཞིག་དང། ཕྱག་རྡོར་འཁོར་ཆེན་གྱི་དབང། རྒྱུད་འགྲེལ་བཤད་ཛ་ཝ་རིའི་རྒྱ་གཞུང་བཅོ་བརྒྱད་ཀྱི་ལུང། རྣལ་འབྱོར་བཞི་ལྡན་གྱི་དམིགས་པ། ཕུར་པ་ས་ལུགས་ཀྱི་སྟོད་ལས། སྨད་ལས་ཀྱི་དབང། སྨད་ལས་རིམ་སོགས་ཀྱི་ལུང། བདེ་མཆོག་ལཱུ་དྲིལ་ནག་གསུམ་གྱི་རྒྱ་བོད་ཀྱི་གཞུང་ལུང་རྒྱུན་ཡོད་དོ་ཅོག་ཕལ་ཆེ་བ།