[A:76]ཁྱོད་རང་གི་ཡོད་དགུ་གོས་གསེར་མའི་སྣམ་སྦྱར་ཕུལ། སྐྱར་ཆགས་སུ་གསོལ་བ་བཏབ་པའི་དོན་ལ། རྗེའི་ཐུགས་རྗེས་གཟུང་བའི་རྟེན་འབྲེལ་ཡང་ཡང་འགྲིག་པ་དཀའ། ད་ལྟ་རང་སོང་གསུང་བ་ལ། དོ་ནུབ་འཕྱིས་པས་སང་སྔ་བར་འགྲོ་ཞུས་ནས་ཕྱིན། བཅུ་བཞིའི་ཉིན་སྟ་གོན། བཅོ་ལྔ་ལ་དངོས་གཞི་ལེགས་པར་ཐོབ་རྗེས། དགོན་པར་ཚེས་བཅུའི་ནུབ་ནས་དྲུང་པ་ཆོས་རྗེ་ཅུང་ཟད་སྙུང་ཟེར་འབོད་མི་བྱུང། སྐུ་མདུན་དུ་བྱིན་པས། སྐུ་ཁམས་ཅུང་ཟད་ལྟེམ་པའི་རྣམ་པ་འདུག་ནའང། སྐུ་མདངས་སྔར་ལས་ཀྱང་ཆེས་ལྷག་པར་གསལ་བར་འདུག་པས། མཇལ་བས་བློ་བདེ་བར་བྱུང། དེའི་གནངས་བཅུ་བདུན་གྱི་ཉིན་ཕྱེད་གུང་ཐུན་མཛད་གྲུབ་མཚམས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པའི་བདག་བསྐྱེད་རྫོགས་པར་གནང། བཟླས་པའི་ན་མོ་རཏྣ་ཏྲཡཱ་ཡ། ན་མཿ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ན། བྱུ་ཧ་རཱ་ཛཱ་ཡ་ཞེས་པའི་ཚིག་མཚམས་འདིར། ཞི་བའི་དབྱིངས་ལ་ཐུགས་ཀྱི་དང་བ་སྟོབས་སུ་གྱུར་པའི་ཞལ་འཛུམ་པའི་མདངས་དང་བཅས་བཞིན་དུ། བདག་ཅག་རྟག་འཛིན་ཅན་རྣམས་སྐྱོ་བ་བསྐྱེད་པའི་ཕྱིར། སྤྲུལ་པའི་སྐུ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་མཛད་པ་ཐ་མ་གཅེས་མཐོང་དུ་གྱུར་པ་དེ། བརྩེ་ཆེན་ཡབ་ཀྱིས་བོར་བའི་ཕྲུ་གུ་ཏོལ་མེད་ཉམ་ངར་ལུས། མིག་མཆིས་མ་འཛག་ཅིང་གདུང་རིན་པོ་ཆེའི་ཞབས་ལ་གཏུགས་ཏེ་མྱ་ངན་གྱིས་ཡིད་ནོན་པས་སྨྲེ་བཞིན་གསོལ་བ་འདེབས་པའི་སྐད་ཅིག་དེ་ཉིད་ལ། ཤངས་བུག་ནས་བྱང་སེམས་དཀར་པོའི་རྒྱུན་སྒྲ་དང་བཅས་བཞི་ཐུན་ཞིག་ཏུ་བར་མ་ཆད་པའི་ལྟས་དང། ཡེ་ཤེས་གོང་འཕོ་བའི་བསེབ་ལམ་གྱིས་མི་སློབ་པ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་ས་མངོན་སུམ་དུ་མཛད་