R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 77
[A:77]པའི་སྒྲིམ་མེད་ཀྱི་མཚན་མ་བྱང་ཆུབ་སེམས་དཔའ་མེ་ཏག་vc: ཏོགཟླ་མཛེས་ལྟར། གཞན་དུ་མ་འགྱུར་མ་ཉམས་པའི་ལང་ཚོ་དྲི་ཞིམ་པོའི་ངད་ལྡང་བ་མཐོང་བའི་རྐྱེན་གྱིས་མི་ཕྱེད་པའི་དད་པས་སྙིང་བརླན་པར་གྱུར་ཏེ། སྐུའི་སྣང་བ་བརྟུལ་མ་ཐག་ནས་གཟིམས་ཁང་གི་ཐོག་ཏུ་ཅོད་པན་འབུལ་བ། དགུང་ཞག་གི་མཐའ་ཇི་སྲིད་བར་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱིས། གདུང་རིན་པོ་ཆེ་དཀྱིལ་འཁོར་བདག་པོ་དེ་ཉིད་དུ་བསྐྱེད་པ་ལ། མགོན་པོ་དེའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྤྱན་དྲངས་ཏེ། རྒྱལ་བ་རབ་འབྱམས་ཀུན་འདུས་པའི་སྒྱུ་འཕྲུལ་རྡོ་རྗེའི་སྐུར་གསལ་བཏབ་ནས། བདུན་རྣམ་པར་དག་པ་དང། སྔ་ཕྱི་སྒོ་བརྗེ་བའི་མཆོད་པ་མར་མེ་ཉེར་ལྔ་ལས་མི་ཉུང་བ་ཉིན་རེ་བཞིན་སྟོབ་པ། དགུང་ཞག་སོ་སོ་ལ་བླ་མ་མཆོག་གི་དགོངས་རྫོགས་མཆོད་ཡུལ་མཁན་རིན་པོ་ཆེ། པཎ་ཆེན་བྱམས་པ་གླིང་པ་སོགས་དགོན་སྡེའི་བླ་མ་སོ་སོ། དགེ་འདུན་སྐྱེ་བོའི་ཚོགས་དང་བཅས་པ་ལ་བསྙེན་བཀུར། གྲལ་འགྱེད་ཕུལ་དུ་བྱུང་བ་བསྒྲུབ་ཤིང། དེ་སྐབས་དགུང་ཞག་གི་མཐའ་ཇི་སྙེད་པར་སྤྲིན་དང་བྲལ་བའི་ནམ་མཁའ་རྡུལ་མེད་ཅིང་དག་པ་དང། མེ་ཏོག་གི་ཆར་འབབ་པ་སོགས་མཐོང་ཐོས་ཀྱིས་ཡིད་བརྟས་པར་གྱུར། རང་གིས་ཀྱང་ཉིན་རེ་བཞིན་སྐུ་གདུང་རིན་པོ་ཆེའི་དྲུང་དམིགས་རྟེན་དུ་བྱས། དབང་བླང་བ། བླ་མཆོད་འབུལ་བ། མངོན་པར་འདུལ་བྱས་པའི་དགེ་བ་ཐམས་ཅད་མཆོག་གི་སེམས་དཔའ་དེ་ཉིད་ཀྱི་སྤྱན་ལམ་དུ་ཡོངས་སུ་བསྔོ་བའི་ཚིག་དོན་མཁས་པའི་རྣ་ཆར་འོས་པ་ཇ་འདེབས་རེའི་རྒྱུན་ལས་མི་ཐུང་བ་ཉིན་རེ་བཞིན་བསྒྲུབས། སེམས་དག་པོས་ཡིད་གཞུངས་ཏེ་བགྱིས་པ་དེས། ཐུགས་དམ་ངེས་