[A:94]ནམ་དགོས་ལྷག་པར་སྟེར་བའི་བསྙེན་མེད་ཀུན་གྱིས་རྟོགས་པ་འདི་ཉིད་ལགས། དེ་ཙམ་གྱིས་བློའི་སྣང་བ་ཕྲ་མོས་མ་བཅིངས་པར། ཐོས་མཐར་བསྒོམ་པ་ལ་གཞོལ་བའི་བློས། ལོ་ཉེར་བརྒྱད་ལོན་པ་ནས། ཞེན་མེད་བློ་སྣ་ཐུང་བའི་སྐྱོ་ཤས་ཀྱིས་བསྐུལ། དཔེ་བལྟའི་སྤྲོས་པ་ཡང་རིམ་གྱིས་བཏང། སྔར་ཐོས་པའི་ཆོས་རྣམས་ཀྱིས་རོ་ཅི་མྱོང་བགྱིས། ཁྱད་པར་ནི་གུའི་ཉམས་ལེན་ལ་བློ་ཕྱོགས་པར་བྱུང་བས་རང་གཞན་གྱི་བསྒོམས་འདེབས་ཀྱི་ཐོག་མ་འདི་ལ་བྱས། ཆོས་འཆད་ཉན། འགྲོ་འདུག་ཟ་ཉལ་ཀུན་གྱི་སྐབས་སྒྱུ་མ་རྨི་ལམ་གྱི་དྲན་པ་དུ་རེ་བ་མ་ཆད་པའི། ལས་དང་པོ་བའི་བློ་གསར་བུའི་མདུན་པ་མ་ལོག་ཙམ་དེས་མྱོང་བའི་སྣེ་ཟིན་ཙམ་བྱུང་སྟེ། པཎ་ཆེན་བྱམས་པ་གླིང་པ་སྡེ་པའི་སྐུ་བསྲུང་ལ་རབ་རྒྱལ་རྩེགས་ཕེབས་དུས་རྨི་ལམ་གཟུང། སྐུ་མདུན་དུ་ཕྱིན་གནས་ཚུལ་ཇི་ལྟ་བའི་མཐོང་སྣང་ཞིབ་ཏུ་ཕུལ་བས་འཛོལ་མེད་པར་ཐུགས་ཆམས་པའི་ཕྱག་རྟགས་གནང་བ་དེས་མཚོན་པའི་འཆར་སྒོ་ཅུང་ཟད་ཀྱིས་ཡིད་དྲངས། ཡེངས་པ་མེད་པར་ཉམས་ལེན་གྱི་རྐང་མ་ཁྲིལ་ཁྲིལ་སེམས་གཅུན་པས། རིམ་གྱིས་བློས་བཏང་གི་བསམ་པ་ངང་གི་འཕེལ། དཔེ་ཆ། ལྷ་རྟེན། དགོན་སྡེ། གྲྭ་པ་རྣམས་ལ་ཞེན་ལོག་སྐྱེས། མི་མེད་ཀྱི་རི་ཕུག་གང་དབེན་བརྟགས། འཇིག་རྟེན་ལས་སྣང་གི་མཛེས་འཆོར་ལ་གྱོང་ཅི་ཐོགས་བྱས། སྔར་བཞིན་ཁ་ནང་ལོག་གི་བསམ་མནོ་མཐའ་སྤྱོད་བཏང་བས་འཕྲེང་ཆགས་ཨ་མ་དྲིན་ཅན་ལས་ལོག་པ་ཏིལ་ཙམ་ཡང་མ་རྙེད་པས། ཕུགས་བརྩེ་དུངས་ཆེ་བར་ཡོད་ཀྱང། འཕྲལ་ཞེ་གཅོད་ཀྱི་གཏམ་ཁོ་ན་སྨྲས། རིག་པའི་རྒྱལ་པོ་ནམ་དུ་ཡང་དགུང་ཁ་ཡན་ལ་མ་བཏང་བར། དྲན་པའི་ཐག་པས་བརྟགས། ཆོས་ཀྱི་སྲོག་རྩ་ནས་