[A:93]རྣམས་ལ་ཚིག་རིས་སུ་ཤར་བའི་དེ་དང་དེ་ཐད་ཀྱི་ལུང་སྦྱོར། རྒྱུད་ཚིག་གཙང་སིང་བ། རྒྱ་འགྲེལ་དང་སྦྱར་བའི་ངེས་གསང་ཕུན་སུམ་ཚོགས་པ། འགྱུར་ཁྱད་སོགས་སྤུ་ཙམ་གྱི་ནང་སེལ་ཡང་མ་འདྲེས་པའི་དྲན་པ། ཤེལ་བུམ་དུ་ཆུ་བླུགས་པ་ལྟ་བུ། རྒྱ་གཞུང་རྣམས་ཀྱང་བསྟན་འགྱུར་ཙམ་པོའི་ནང་དེ་ཁོ་ན་ལ་མུར་བསུབས་བྱས་པ་ལ་མ་ཡིན་པ། སྔོན་བྱོན་གྱི་མཁས་པ་ཆེན་པོ་དག་གིས་བཀའ་ཐོ་མཆན་བུ་ཐེབས་པའི་ཡིད་ཆེས་མ་ཁོ་ན་ལ་ནན་ཏན་བྱས། ཚིག་འདི་ཐད་ན་མཆན་འདི་ཡོད་མེ་ལོང་གི་གཟུགས་ལྟར་གསལ་ལེ་བ་འདི་ཡིན། གངས་ཅན་གྱི་མཁས་གྲུབ་གོང་མའི་གསུང་རྒྱུན་མཐའ་ཡས་པའི་མངོན་དཀྱིལ་རྣམས་ལ་ཡང་བླ་མ་ལས་ཐོབ་པའི་དཔེ་ཉིད་ཀྱིས་ཚིག་རིས་མ་འཆུགས་པའི་སྲོག་རྩ་ཆོ་གར་བྱིན་མི་འདྲ་བའི་ཁྱད་པར་མཐོང་ངོ་ཅོག་བཤད་པའི་ན་ཡམས་སུ་བཀོད་པའི་དབང་གཅིག་མ་ཡིན་པ་ཀུན་ལ་སྦྱར་བའི་འཕྲུལ། གཅིག་ཤེས་ཀུན་གྲོལ་རྒྱ་མོའི་ཐགས་ཀྱི་སྐྱེས་སོ་འདྲ་བ། ཐ་དད་དུ་གྱེས་ཤིང། ཕན་ཚུན་མ་འཁྲུག་པ་ལྕེ་ཐོག་ནས་བཤོར་བའི་གཟིགས་གསལ་ལ་ཕེབས་པ་འདི་ཉིད་དང། བླ་མེད་ནང་གི་བྱིན་རླབས་བརྒྱད་ཅུ་རྩ་དགུ། ཟུར་ཀའི་རྗེས་གནང་རྣམ་པར་དག་པ་བརྒྱར་སོང་ངེས་ཙམ་ལས་དབང་རྡོར་ཕྲེང། མི་ཏྲ་བརྒྱ་རྩ། སྒྲུབ་ཐབས་རྒྱ་མཚོ། བརྒྱ་རྩ་ལྟ་བུ་ཆོ་ག་གཅིག་འགྲོས་ཀྱིས་ཀུན་གྲངས་ནས་ཡིག་སྟེང་ནས་བཀླགས་ཆོག་མ་ཡིན་པ་རེ་རེ་ཡང་ལོ་རྒྱུས་སོ་སོ། རྒྱ་གཞུང་བོད་གཞུང་མི་འདྲ་བའི་ཁྱད། ཆོ་ག་ཞལ་ཕྱག་རེ་རེ་ལའང་དེ་འདི་ལ་དགོངས་ཀྱི་འཐེན་སྦྱོར་འཕྲག་གནོན་ཐུབ་པ། བསྒྲུབ་ཐབས་སོ་སོའི་མཆོད་བརྗོད་ནས་མཇུག་མཛད་བྱང་གི་བར། མིག་གིས་བལྟས། ཡིད་ཀྱིས་གཟུང། གཞན་ལ་