R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 97
[A:97]མི་རང་རྒྱུད་པས་ཁྱེར་ཡོངས་ན་འདི་འདྲའི་སོ་མ་ག་ལ་ཡོང། རོང་པའི་མི་ཚ་མཐོང་ན་ལྕེབ་པ་ཙམ་བྱེད་ཀྱང། མདངས་ཚྭ། གོས་སྣམ་ཅི་གནད་ཀྱང་མིག་མི་བལྟ་འདུག། མི་མ་ཡིན་ངེད་རང་གི་ཡུལ་གྱི་ལྷ་ཇོ་བོ་ཅེན་པོས་དྲུང་པ་རང་ལ་ཕུལ་བ་ཡིན་ཟེར་ཞིང། དེ་ནས་རང་ཡུལ་བར་ལ་རྐང་འགྲོས་མགྱོགས་པའི་ཉིན་ལམ་གསུམ་ཡོད་པ། བཤད་ནས་བང་ཅེན་རྐང་བཙུགས་མངགས། བླ་མ་སློབ་དཔོན། དཔོན་པ་ཡབ་ཡུམ་ཀུན་ལ་སྨན་སྐྱེས་འབུལ་དུ་བཏང། དེ་དུས་ཀྱི་སྨན་ལག་ན་ཡོད་པ་ད་ལྟ་ཡང་ཤིན་ཏུ་མང། དེར་རོང་མི་ཐམས་ཅད་དད་པའི་འུར་ལངས། ཆོས་རྗེ་ནི་ངེད་རང་གི་ལྷས་ཀྱང་མཆོད་པ་ཡིན་ཟེར་སྙེད་པ་དཔག་ཏུ་མེད་པའི་བཀུར་བསྟི་བྱུང་ཞིང། སླར་ལོག་སྣེ་ཤང་ལ་བོ་ཆེའི་མདུན་དུ་སླེབ་ཚམས་གངས་ཆེན་པོ་བབས། ལམ་འཕྲང་དོགས་པས་ཡར་མར་ལ་ལོག་པ་མེད་ཅིང། ས་དེ་རང་དུ་བསྡད་ན་གངས་རྒྱུད་ཀྱི་ཉེན་ཆེན་པོ་ཡོད་པས། འཁོར་རྣམས་ཡིད་ཁོང་དུ་ཆུད་འདུག་པས། ངས་འདི་ལ་དེ་ཙམ་གྱི་སྡུག་བསྔལ་མི་དགོས་གཞི་བདག་གཏོར་མ་ཆོས་བྱས། བཏང་འཕྲལ་རང་བློ་བུར་དུ་གངས་འབབ་འཕྲོ་ཆ། སྤྲིན་ཐམས་ཅད་རང་སར་དེངས་ཏེ་སྐར་མ་བཀྲ་ལམ་མེར་མཐོང་བྱུང་བས། ཁོང་རྣམས་དགའ་ཚོར་ཆེ་ཆེར་འདུག་ཅིང། དེ་ནས་ཞོགས་ལ་བྱས། ཁོང་རྣམས་སྔོན་ལ་འགྲོ་ཞིང་ཡོད་པའི་རྐང་འོག་ནས། ཕ་བོང་ཆེན་པོ་ཞིག་འགྲིལ་ཏེ་ངེད་རང་གི་མགོའི་ཐད་རང་ལ་འཕར་བྱུང་བ། སྒྱུ་མ་རྨི་ལམ་གྱི་རྩིས་མ་ཤོར་བའི་ངང་ནས། ཨ་ཞེས་སྒྲ་དྲག་པོར་ལྷང་ལྷང་སྨྲས་པ། མིག་ཐད་ཀྱི་བར་སྣང་ལ་ཨ་ཡིག་དཀར་པོ་བྲིས་པ་ལས་གསལ་བ་ཞིག་འོད་ཕྱིར་ཕིར་འདུག། ཕ་བོང་དེ་མགོའི་སྟེང་ལ་སོང་དུས་རླུང་དྲང་སིར་བ་ཞིག་བྱུང།