R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 99
[A:99]པས། ངེད་རྣམས་གཉིད་ཀྲི་སོང་མན་མིག་དོན་འགྲོ་བ་ཙམ་གྱི་ཟུག་བྱུང། སྐྲ་མདུན་གྱི་སྤྱན་ཡང་བརྙེལ་དགོས་དྲུང་དུ་ཡོང་རྩིས་ལ་ཞེད་དྲགས་ཡོང་མ་ནུས། ད་ནང་ནམ་ལངས་ནས་མཐོང་རྒྱུ་མེད་པར་མ་སླེབ་ཟེར། རང་རང་གི་མལ་ན་བྲེ་མོ་ཕྲེ་ཕྲེ་འདུག་པས། དེ་ཉིན་ཁོང་རྣམས་ལ་ཟས་སྟེར་བ། རྟ་དྲེལ་ཁ་ཕྱིས་ཐམས་ཅད་རང་ལ་བྱེད་པའི་ཁུར་བབས། མདོར་ན་བརྗོད་པ་འདི་དག་མི་གཅིག་དང་གཉིས་མིན་པ་ཡོངས་ཀྱི་གཟིགས་གསལ་ལ་ཕེབས་པ་རྣམས་ཡི་གེར་བྲིས་པ་ཡིན། འདིས་མཚོན་པའི་སྒྱུ་མའི་འཆར་ཚུལ། ཨ་འཐས་ཀྱི་བྱིས་པ་རྣམས་དང་བག་མི་འདྲ་བའི་གཏམ་གྱིས་སྒོ་དུ་མ་ཡོད་མོད། བྲིས་གསལ་ལང། དུས་དེར་ཡང་རང་གི་རང་བློས་མ་ཐོངས་པའི་འཆར་འབྲུའི་འཛུབ་བཙུགས་ཐུན་མ་ཆད་པ་བྱས། ནི་གུའི་དགེ་སྦྱོར་འདི་རྣམས་ཀྱི་ངོ་སྤྲོད་བོགས་འདོན་གེགས་བསེལ་ཞུ་བའི་བླ་མ་ཞིག་འཚོལ་བ་དང། སྙོམས་ཆུང་གི་ཆོས་འདི་སྤྲང་པོའི་དགོས་སྐལ་གྱི་ཐར་ལམ་དུ་མཇལ་བྱུང་བ་འདི་ལ་མཐའ་ཆོད་པའི་ཆོས་ཞུ། དབུས་གཙང་གི་བླ་མ་བཟང་དགུ་བསྟེན། སེམས་ལྷག་མ་ལུས་པ་ཞིག་བགྱིད་ཅིང། ཤངས་པ་བཀའ་རྒྱུད་ཀྱི་གནས་རྣམས་སུ་ཚོགས་འཁོར་རེའི་འབྲེལ་པ་འཛུད་པ་ལ་འགྲོ་དགོས་པ་འདུག་སྙམ་ཞེ་ལ་བཞག། འཕྲལ་ཨ་མ་སོགས་ཀུན་ལ། ང་ཇོ་མཇལ་དང་ཆོས་རྗེ་ངོར་ཆེན། ས་སྐྱ་བདག་ཆེན་རབ་མཛེས་པ་གཉིས་ལ་རྗེ་དྲུང་དུ་མ་ཐོབ་པའི་ཆོས་བཤམ་ཞུ་བ་ལ་འགྲོ་བྱས། ཡུལ་ནས་སྦྲུལ་ལོ་ཟླ་བ་གཉིས་པའི་ཉེར་བརྒྱད་བླ་མའི་དུས་ཆེན་ལ་བཏེགས། ལམ་གྱི་ཀུན་སྤྱོད་ལྡུམ་བུ་བའི་རང་སྣང་སྐྱོང་ཞིང། སྣང་བློ་བདེ་བར་གསེར་མདོག་ཅན་དུ་སླེབ། སྔར་གྱི་ཆོས་གྲྭ་ལྷན་ཅིག་འཁོད་པའི་གྲྭ་རྙིང་རྣམས་མཇལ། ཇ་ཞིག་གྲངས།