[A:102]འབུལ་བའི་བཀའ་སྲོལ་མེད་ནའང། བསྙེན་སྒྲུབ་གསན་འཕྲལ་དུ་འདུག་པ་དང། ངེད་ལ་རྨི་ལྟས་ཀྱང་བཟང་བ་ཞིག་བྱུང་བས་འབུལ་དགོས་གསུང། ལོ་ཆེན་གྱིས་མཛད་པའི་མགྱོགས་ཁྲིད་དེའི་ལུང་དང། དོན་བསྡུས་དམིགས་པ་གནང་ཞིང། འདིའི་རྒྱས་བཤད་པཎ་ཆེན་ནགས་རིན་གྱི་གསུང་བགྲོས་ཞིབ་པ། ཆོས་རྗེ་ཆོས་གྲགས་པའི་ཟིན་བྲིས་ཆེན་མོ། སླར་སྨན་སྡིངས་སུ་བྱིན་རླབས་གཟིལ་ཆེན་རྒྱས་པའི་ལོ་ཆེན་སྙིང་གི་ཐིག་ལེའི་དྲུང་དུ་ལེགས་པར་ཐོབ། དེ་ནས་ཕ་རིན་པོ་ཆེའི་ཕྱག་ཕྱིར་འབྲངས་ནས་རིམ་གྱིས་ཉི་མ་དབུས་ཀྱི་རྒྱལ་ཁམས་ཆེན་པོར་བཏོལ་ཏེ། ཤར་ལམ་ལྷ་མདོངས་སུ་ཀརྨ་སྤྱོད་ཁྲིད། སྙུག་ལ་རྩེར་རླུང་སེམས་དབྱེར་མེད་ཀྱི་ཁྲིད་ཟླ་ཕྱེད་ཙམ་རེའི་བར་དམིགས་པ་འགྲིལ་བར་ནོས། ཕྱིས་མཐོང་སྨོན་དུ་ཕག་མོ་ལྟ་ཁྲིད་ཉན་དུས་ཀྱང་ཉིན་རེ་བཞིན་རླུང་སེམས་དབྱེར་མེད་ཀྱི་སྲོག་རྩ་གྲིལ་བའི་གཟེར་བུ་ཡང་དག་པའི་བཀའ་དྲིན་བསྩལ། སྙུལ་ལ་ནས་ཆུ་ཤུལ་ཕུའི་ལྷ་ཡུལ། མེད་རྣམས་སུ་ལྕག་མལ་ཙམ་གདན་ཆགས་པའི་སྐབས་དེར། གྲྭ་པ་གཙང་ལ་སོང་པ་རྣམས་ཀྱང་འགུག་བྱུང། དཔོན་སློབ་ལྷན་ཅིག་བ་དེའི་ལ་རྒྱུད་ནས། གནས་ཆེན་དཔལ་མཚུར་ཕུའི་ལོགས་ཨ་ས་རི་ཁྲོད་དུ་ཟླ་བ་བཅུ་བའི་ཚེས་བཅུ་གཉིས་ལ་ཕེབས་པའི་ནུབ་མན། བཀའ་རྒྱུད་རིན་པོ་ཆེའི་ཕ་ཕོགས་གནས་ལུགས་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་ལ་བཀྲ་ཤིས་བར་མཛད་དེ། སྤྱིལ་བུ་བྱིན་ལས་རིང་དུ་བཀར་བའི་སྤྱིལ་བུ་ཆུང་ཆུང་ཅིག་ཏུ་བུག་སྒོ་བྱ། གཞན་དང་ཕྲད་པ་ལྟ་ཅི། ཕ་རིན་པོ་ཆེ་ཉིད་དང་ཡང་མི་མཇལ་བར། ངོ་སྤྲོད་ཀྱང་བུག་སྒོ་ནས་འདོམས་པའི་ཕྱག་བཞེས་མ་ཉམས་པས་སྒོམ་ལན་གསུམ་བཏབ། ཉམས་བལྟ་ལན་བདུན་གནང་ནས།