R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 103
[A:103]གཅེར་མཐོང་མཛུབ་ཚུགས་ཀྱི་ངོ་སྤྲོད་བསྙེམས་ཆོད་ཞལ་གྱི་བདུད་རྩི། སྙིང་གི་བུམ་པར་སིབ་ལུགས་སུ་མཛད་པའི་སྐལ་པ་བཟང་པོའི་གནས་ལ་འགོད་པར་མཛད་དེ། ཡི་གེ་མེད་པ་དོན་གྱི་འཕོ་བ་ཁྱད་པར་ཅན་གྱི་བརྒྱུད་པ་རིན་པོ་ཆེའི་མཐའ་བྲལ་དུ་ཚུད་ཙམ་གྱི་སྒོམ་ཆུང་པ་ཞིག་སྩོལ་བ་མེད་དུ་བྱུང། བརྒྱུད་པ་ཞེས་པའི་ཚིག་བླ་དག་ཀྱང། དབང་བསྐུར། རྒྱུད་བཤད། མན་ངག་བྱིན་པའི་རྣམ་པ་ལམ་བྱེད་ལ་བཏགས་པ་མ་ཡིན། འོ་ན་གང་གི་བརྒྱུད་པ་ཡིན་ཞེ་ན། ཏིལླི་ནཱ་རོའི་བརྒྱུད་པ་ལ། གཉིས་མེད་ཡེ་ཤེས་རྡོ་རྗེ་ཡོད། ཅེས་གསུངས་པས། བརྒྱུད་པ་རིན་པོ་ཆེ་འདི་དག་ནི་ཕས་བུ་ལ་ཡེ་ཤེས་ཞུ་ལུགས་བྱས་པའི་བྱང་ཆུབ་སེམས་གཉིས་སུ་མེད་པར་རྟོགས་པའི་རང་སྣང་ཐིག་ལེ་ཉག་གཅིག། ཡེ་རྫོགས་རྩ་བྲལ། གསལ་བཞག་གི་དྲི་མ་མེད་པའི་སངས་རྒྱས་ལག་བཅངས་ཁོ་ན་སྙིང་ལ་སྦྱིན་པར་མཛད་པ་སྟེ། ཚིག་གིས་ན་ཡམས་ཀྱིས་དོན་ཚོལ་བའི་བརྒྱུད་པ་མ་ཡིན། དོན་དང་དོན་ལྷན་ཅིག་ཏུ་སྦྱོར་བའི་བརྒྱུད་པ་ཡིན་པའི་ཕྱིར། ཆོས་ཚུལ་འདི་ལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཅེས་ཉི་ཟླ་ལྟར་གྲགས་སོ༎ དེས་ན་བཀའ་བརྒྱུད་རིན་པོ་ཆེ་འདིའི་བཞེད་ཀྱི་བླ་མ་གང་ལས་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཐོབ་པ་དེ་ལ་རྩ་བའི་བླ་མ་ཞེས་རྣམ་པར་འཇོག་སྟེ། བསགས་པ་རབ་ཀྱི་མཐར་ཕྱིན་པའི་ལས་ཅན་དག་གིས་སྤྱོད་ཡུལ་ལས། འདི་ན་ཡོངས་སུ་ཁྱབ་པའི་རང་གི་ཀུན་རྟོག་གི་དྲ་བས་རང་གཡོགས་ཏེ། ཐོས་པ་དང་ཚུལ་ཁྲིམས་མཆོག་འཛིན་གྱི་ང་རྒྱལ་གྱིས་གནས་ལུགས་ཀྱི་ཁྱིམ་དུ་འཇུག་པའི་སྒོ་ལག་དམ་དུ་བཅད་དེ། གཉུག་མའི་གཏན་ཡུལ་གྱི་གྲོང་ཁྱེར་དུ་ནམ་ཡང་མ་ཕྱིན་པའི་ལམ་གོལ་བའི་མཐར་ལྷུང་ཅན་མཁས་པར་གྲགས་པ། བཙུན་