R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 27
[A:27]བཞུགས་གྲལ་གྱི་དབུས་སུ་གཙང་སིང་བ། སྤོབས་པ་ཞུམ་པ་མེད་པར་གཟེངས་མཐོ་ཞིང་བརྗོད་པ་དག་པར་བཏོན་པས། དཔོན་པོ་རྒན་པོའི་བུ་འདི་ངོ་མཚར་ཆེ་གསུང་གཟེངས་བསྟོད་དང་བཅས་པའི་གནང་སྦྱིན་བསམ་གྱིས་མི་ཁྱབ་པ་སྩལ། དེ་ནས་ལོ་བདུན་ལོན་པ་ན། དྲུང་པ་ཆོས་རྗེ་པའི་དྲུང་དུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་པོ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བཅུག་ནས། རིགས་བརྟག་པའི་མེ་ཏོག་གཙོ་བོས་བཞེས་པའི་དབང་ལས། གསང་མཚན་དཔལ་ཞེ་སྡང་རྣམ་པར་དག་པའི་རྡོ་རྗེ་ཞེས་གདགས་པར་མཛད་དེ། སྐྱེ་བ་འདི་ལ་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང། དབང་ནོད་པའི་ཐོག་མ་ཡང་འདི་ཡིན་ནོ༎ དེ་ལོ་དགོན་པའི་དགེ་འདུན་རྣམས་ལ་ཞེན་པ་བཞི་བྲལ་གྱི་ཁྲིད་གནང་བའི་ཁྲིད་རར་ཞུགས་ཏེ་ཟླ་ཆོས་ཅིག་དམིགས་ཁྲིད་ཞིབ་པར་ཉན་པས། ཆོས་ཀྱི་རྐང་ཞེན་པས་མ་བཅིངས་པའི་ཆགས་མེད་དུ་འདུག་སྙམ་པ། ཅིས་ཀྱང་དགོས་མེད་ཀྱི་བློ་རྩ་བྲལ། གང་ལའང་སྙིང་པོ་མི་འདུག་སྙམ་པའི་ཡིད་ཆེས། ཟེར་སྒྲ་ལ་མ་ལྟོས་པ་ནང་ནས་གོ་བ་བྱུང་སྟེ། ཕྱིས་ཁྲིད་གང་ཞུས་ཀྱང་ཆགས་མེད་ཀྱི་ངེས་འབྱུང་དེ་དུས་འདྲ་བའི་རྔོ་ཐོགས་པ་གཏན་མ་བྱུང་ཞིང། བརྒྱུད་པའི་ཕྱག་བཞེས་ཀྱི་སྲོལ་མི་འདུག་པ་མ་གཏོགས་དྲི་མེད་རིག་པའི་རང་འཚང་གྲུང་པ་དེ་དུས་ནས་གཅེར་མཐོང་དུ་བྱུང་འདུག་སྟེ། ཡུན་རིང་པོའི་བར་དུ་ངོ་ཤེས་པ་དང་ངེས་ཤེས་སྐྱེས་པ་ནི་མ་བྱུང་མོད། ཕྱིས་ངོ་སྤྲོད་མཛུབ་བཙུགས་སུ་མཛད་པ་དག་གི་བསྙེམས་མེད་དུ་སྟོན་པར་མཛད་ནས། སྔར་གྱི་དེ་ཉིད་ལས་གསལ་བཞག་གི་བླང་དོར་སྤུ་རྩེ་ཙམ་ཡང་མི་འདུག་སྟེ། ཞེན་པ་བཞི་བྲལ་འདི་ཁྲི་ཐོབ་པ་ཐམས་ཅད་ཀྱི་ཐོག་མ་ཡིན་ནོ༎ འདིའི་རྩ་