[A:26]བསྐྱེད་དེ་བྱིན་པས། འབྲུམ་བུ་ཤིན་ཏུ་འཐུག་པ་ཕྱིར་འཐོན། ལུས་ཀྱི་ཕྱི་ཐམས་ཅད་རྣམ་དག་ཏུ་སོང་བ། དེ་དང་གོས་འབྱར་ནས་གྱོན་མི་སྟུབ་པ་ལ། མོན་དར་གྱི་གཟན་བཅོས་ཏེ་ཤ་ལ་སྦྱར་བ་ན་ཡང། སྐབས་རེར་མ་སངས་ན་ཤ་ལ་འབྱར་ཡོང་བ་ཙམ་བྱུང། དེར་མས་ལྷག་པར་བརྩེ་བས། ཉིན་མཚན་མེད་མ་བྲལ་བར་ནད་གཡོག་གནང། དུས་ཕྱིས་བསམ་པས་ངའི་ཨ་མ་དེས། དེ་དུས་ནད་གཡོག་རྐྱེན་དུ་འབྱོར་བ་བྱས་པ་གཅིག་པུའི་དྲིན་ཡང་འཁོར་བ་མེད། ང་གཅིག་པུ་ལ་བརྩེ་བར་མ་ཟད། སྤྱིར་ཡང་ཨ་མ་དེའི་དགེ་བློ་དང། རང་བཞིན་བཟང་ངན། གཏོང་བའི་སྒོ་གང་ལ་བསམས་ཀྱང། བུད་མེད་ཕལ་ལས་འདས་པ་རང་གཅིག་གི་ཡིད་ཆེས་ཡང་ཡང་སྐྱེ་བ་བྱུང༎
སྐབས་དེར་དྲུང་པ་ཆོས་རྗེས་ཡང་ཡང་དུ་ཕེབས་པ་ན། སེམས་སྤྲོ་བ་དང་གུས་པ་ཆེན་པོ་སྐྱེས་ཏེ། མ་ལས་བླངས་པ་དང། ཐབས་མཁས་ཀྱི་འདུ་བྱས་ནས། ཉིན་རེ་བཞིན་གསོལ་ཇ་ཞུ་བ། སྐུ་ལ་འདུད་པ། ཐ་ན་ན་བཟའ་ལ་གནས་པའི་ས་རྡུལ་ཕྲ་མོ་སོགས་ཕྱིར་གསོལ་བ། རྒྱང་རིང་པོ་ནས་བསུ་བ། སྐྱེལ་བ་སོགས་གཞན་གྱིས་སློབ་པ་ལ་མ་ལྟོས་པར། རང་ཤར་དུ་བྱུང་བའི་ཀུན་ཏུ་སྤྱོད་པ་དེས་ཐུགས་ཕྲོགས་ཏེ། བྱིས་པ་ཁྱོད་ཆུང་ཆུང་ནས་དད་པ་ཆེ་ཞིང། ཆོས་ཀྱི་རིགས་སད་པ། ཤེས་རབ་དང་ལྡན་པ་ཅིག་འདུག་ཅེས་བསྔགས་པ་ཡང་ཡང་གནང་ཞིང། ངེད་ལ་ཇ་མང་པོ་རང་བྱིན་པའི་སྦྱིན་བདག་ཡིན་གསུང་བ་སོགས་དགྱེས་པའི་རྣམ་འགྱུར་མང་པོ་མཛད། དུས་དེར་ཡབ་ཡུམ་གྱི་ཕོ་བྲང་དེ་ཉིད་དུ་ཀློག་སོགས་བསླབ་སྦྱངས་ཀྱི་གནས་ཕྲ་མོ་ཚེགས་མེད་དུ་ཤེས།
ལོ་དྲུག་པ་ལ་སྡེ་པ་སྐུ་མཆེད་དྲུང་དུ་ལོ་གསར་ལ་མཇལ་དུ་ཕྱིན་པས། འཕྲལ་ཤེས་ཀྱི་ཚིག་རྣམས་