[A:112]ཡང་ཕ་ལོ་ཙཱ་བ་ཉིད་ཀྱིས་སྐུ་ལ་རྒྱུན་དུ་བསྟེན་པའི་སྐུ་རགས་ཤིན་ཏུ་རྙིང་བ་ཚུལ་ཁྲིམས་རྣམ་པར་དག་པའི་དྲི་ངད་ཀྱི་བསུང་ཆགས་པའི། མ་ལོག་པའི་རྟེན་འབྲེལ་བཟང་པོ་འབད་མེད་དེས་དགའ་མགུ་ཡིད་དྲངས་ནས། དབྱར་དུས་ཆུ་ཆེ་བའི་སྐབས་ལམ་དཀའ་ཚེགས་ཆེ་བ་རང་གི་དུས་ཡིན་ནའང་ཚོང་པ་ཚོང་ཁྱེ་མཐོང་བས་ལུས་སྲོག་ཐེད་ལ་འབོར་བ་ལྟར་སྐྱེ་བ་དང་ཚེ་རབས་ཐམས་ཅད་ཀྱི་འདྲེན་པ་གཅིག་པུ་པ་དེའི་དྲུང་དུ་བསྙགས་ཏེ། ཡར་ལམ་དྲུང་པ་ཆོས་རྗེའི་སྔོན་གྱི་གཏི་གནས་དངུལ་ཆུ་ཆོས་རྫོང་གི་དགོན་པར་ནུབ་ཅིག་གནས་འབྲེལ་ལ་ཉལ་བའི་རྨི་ལམ་གྱི་འཆར་སྒོ་མ་འགགས་པའི་རང་མྱོང་ལ། བདག་རང་སྟོད་གཡོགས་རས་ལྟ་བུ་འདི་ཡིན་གཏན་མི་མཚོན་པ་ཤིན་ཏུ་དཀར་བ་ཞིག་འཕུར་གོས་སུ་བྱས་ནས་ནམ་མཁའི་མཐོངས་ཤིན་ཏུ་མཐོ་བ་ལ་ལུས་སེམས་བདེ་སྣང་དང་བཅས་ཕྱིན། ཇི་ཞིག་ནས་དཔག་བསམ་གྱི་ཤིང་ཡིན་སྙམ་པའི་སྡོང་པོ་ལོ་འདབ་འབྲས་བུས་ཡོངས་སུ་རྒྱན་པའི་རྩེ་མོ་ཞིག་ཏུ་སླེབ། ཤིང་དེའི་འབྲས་བུ་ཡིན་སྙམ་པ་ལ་ཁ་དོག་སྔོན་པོ་རྣམ་པ་དང་རང་བཞིན་དུ་མཁྲེགས་ཤིང་ལྕི་ཉམས་ཆེ་བ། ཕྱི་གསལ་ནང་གསལ་གྱི་རྣམ་པ་ཅན་ཞིག་ལག་ཏུ་ལོན། སླར་ཡང་བྱང་ཤར་ཕྱོགས་ལ་འཕུར་ཕྱིན་པས་སྤངས་ཤོང་ཤིག་ཏུ་སོན་ཏེ། དེ་ན་ཁ་སརྤ་ཎའི་སྐུ་རྒྱུ་འདི་ཡིན་མི་མཚོན་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ཞིག་གིས་མཆོག་སྦྱིན་གྱི་ཕྱག་རྒྱ་ལས་འོ་མའི་རྒྱུན་འབབ་པ་ཞིག་འདུག་པ། དེ་ལ་ཁ་གཏད་དེ་འཐུང་པས་ཤིན་ཏུ་ཚིམས་པའི་སྣང་བ་དང་བཅགས་གཉིད་སད་པ་ན། རྨི་ལམ་དེ་དག་གི་དོན་ལ་དཔྱད་པས། ད་ལན་བསམ་པ་བཞིན་འགྲུབ་པའི་བལྟས་ཁྱད་པར་ཅན་གྱི་མཚན་མ་བཟང་པོ་རྩོལ་