R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 113
[A:113]མེད་ཤར་བ་ལ། སྟོད་གཡོགས་དཀར་པོ་གྱོན་འཕུར་བ་རྨི་བ་འདི་བསམ་པ་དགེ་བའི་ལྷག་བསམ་གྱིས་སྒྲིབ་པ་ཟད་པའི་ལྟས་ཡིན་སྙམ། དཔག་བསམ་གྱི་སྡོང་པོ་རྒྱུད་འགྲེལ་ལས་གཞན་གྱིས་འཛོལ་མི་འདུག་ཀྱང། དེའི་འབྲས་བུས་རྙེད་པ་འདི་ད་ལན་མན་ངག་ཐེབ་པའི་རྟེན་འབྲེལ་རྨད་བྱུང་དུ་ཡིད་ཆེས་ཏེ། དབང་རྒྱུད་གཉིས་ཇི་ལྟར་ཐོབ་ད་རེས་མི་ཤེས་པར་འདུག། འོན་ཀྱང་ཁ་སརྤ་ཎའི་སྐུའི་ཕྱག་གི་འོ་རྒྱུན་འཐུང་ཤིང་ཚིམས་པས་བླ་མ་ཁོང་པའི་བྱིན་རླབས་དོན་གྱིས་འཕོ་བ་ཁྱད་པར་ཅན་ངེས་པར་བདག་རང་གི་རྒྱུད་ལ་འཇུག་པར་འདུག། གཟིམས་དཔྱིལ་གྱི་འཆར་སྒོ་ལྷ་ཁང་ངམ། མཆོད་རྟེན་ཞིག་ཡོང་ཐང་བ་ལ། སྤངས་སྟོང་དེ་ཅིའི་ལྟས་ཡིན་ནམ་སྙམ་སྙམ་པའི་ཡིད་དཔྱོད་ལྷུག་པར་སྐྱེས། དེ་ནས་རྒྱལ་སྲས་རིན་པོ་ཆེ་དངུལ་ཆུ་ཆོས་རྫོང་པ་ཉིད་ཀྱི་གཟིམ་མལ་སྐུ་འདྲའི་དྲུང། སྤོས་མར་མེ། ལྷ་བཤོས་སྙན་དར་དང་བཅས་པའི་བཀུར་བསྟི། ཕྱག་སྐོར་བ་དཔག་ཏུ་མེད་པ་བྱས། སྔར་ཇོ་བོ་རིན་པོ་ཆེས་ཆོས་འཁོར་ལྷ་སར་ལུང་བསྟན་པའི་ཡིད་ཆེས་ཀྱི་མཐའ་ཐུག་ཏུ་གཟུང། འདོད་ཆོས་ཞུ་བ་ལ་རྐང་གཏད་འོངས་པའི་མདངས་ནུབ་ཀྱི་རྨི་ལམ་ལུང་བསྟན་དང་གཏན་འཛོལ་མེད་པའི་ཡིད་དེར་སྐྱེས་པ་འདི་ཇི་བཞིན་དུ་འགྲུབ་པར་མཛད་དུ་གསོལ་སྙམ་པའི་སྨོན་ལམ་བརྒྱ་རྩ་ཡིད་བརྩེ་གཅིག་པས་བསྒྲུབས་ནས་ཕྱིན་པས། རིམ་གྱིས་རྩིགས་ཆུང་ལེགས་མོའི་མགྲོན་ཁང་དུ་སླེབ་པའི་ནུབ། རྨི་ལམ་དུ་སྔར་མཐོང་ཐོས་ཀྱི་བག་ཆགས་གཏན་མེད་པའི་སྐྱེད་ཚལ། ནགས་ལྷག་པར་འཐུག་པ་ཞིག་གི་དབུས་ན་ནེའུ་སིང་དང་བཅས་པའི་ཆུ་མིག་བཟང་པོ་ཅིག་འདུག། སྐོམ་པའི་བགགས་ཀྱིས་བསྐྱོད། ཆུ་འཐུང་བའི་མདུན་པ་སྐྱེས་པའི་སྐབས་དེར། བུ་མོ་