[A:114]གཞོན་ནུ་སྐེད་ཕྲ་ཞིང་ནུ་རྒྱས་པ་ལག་གདུབ་ཟུང་རེ་ཡོད་པ་བལྟ་བས་ཆོག་མི་ཤེས་པ་ཅིག་གིས། ཐོད་པ་སིནྡྷུ་རས་བཀང་བ་གཅིག་ལག་ཏུ་གཏད་བྱུང་བས་དེ་དང་ཆུ་སྦྱར་འཐུང་པས། ཁ་དོག་དམར་སེར་ལྦུ་བའི་ཕྲེང་བ་འཁྲིགས་པ་ཞིག་བྱུང་བ་ལྷག་མ་ལུས་པ་ཧོབ་འཐུང་བྱས་པས་རྨི་ལམ་གྱི་ངང་དེར་མ་སད་པ་ལ་ལུས་ཉམས་ཤིན་ཏུ་ཆེ་བ་གཅིག་བྱུང་བ་དང་ལྷན་དུ་ས་གཡོ་བའི་མགོ་ཚུགས། གཉིད་སད་དུས་ཀྱང་ལུས་སེམས་མ་ལུས་པ་འདར་ཤིག་ཤིག་པ། འགྲོ་འགྲོ་དུས་གོམ་པ་གར་བཞག་མེད་པའི་ཡང་ཆོད་དེ་བའི་ངང་ནས་སྨོན་འགྲོར་སླེབ་པས། སྐབས་དེར་ཉིན་མཚན་དུས་དྲུག་ཏུ་ས་གཡོ་བ་ཁོ་ནའི་ཉམས་ཡིད་གཏད་མེད་ཆལ་པ། ཅི་སྨྲས་དང་ཅི་ལབས་དྲན་ཡུལ་ན་གཏན་མེད་པའི་ཟ་ཟི། གཉིད་ཀྱང་ལོག་པའི་འདི་ཡིན་མེད་པ་བྱུང། དུས་དེར་སྨོན་འགྲོའི་ཁང་རྒྱབ་ན་རིན་པོ་ཆེ་འཕགས་ཆེན་པ་ས་གཡོས་ལ་བརྟེན་གཟིམས་གུར་ཕུག་གདན་ཆགས་འདུག་པ་དང་མཇལ། ཆོས་འབྲེལ་དུ་འཇམ་དབྱངས་བླ་མའི་རྣལ་འབྱོར་ཆོས་རྒྱལ་མའི་ལུང་དང་བཅས་པ་ཞིག་ཐོབ་རྗེས་བཀའ་ལུང་ཐུགས་ཚས་མ་དོརvc: མདོར?བ་ལྷུག་པར་འབྱོན་པ་ལ། ད་ལྟ་ཆུ་ཆེན་གྲགས་མུས་ཀྱི་ལྕགས་ཟམ་ཡང་འགགས། འདི་ན་རྒྱང་མཁར་ཀོ་བ་ལ་འབྱོན་པ་ལ་ས་གཡོས་དང་བཅས་ཤིན་ཏུ་ཉེན་ཆེ་བར་འདུག་ཅིང། སྨན་སྡིངས་སུ་ལོ་ཆེན་དྲུང་དུ་འབྱོན་ལམ། ལ་དགུ་ལུང་དགུ་སྐོར་ཐག་རིང་ཞིང། ཆིབས་མེད་པ་སོགས་སྐུ་བསྙེལ་བ་བློས་གཏན་མི་བཟོད་པ་འདུག་པ་རེ་ཞིག་སྐུ་ངལ་བསྟེན་པ་ཞུ། འདོད་ཆོས་བཞིན་དགོངས་པར་ཡོད་ན་ཅི་དགོས་འབུལ་གསུང་བ་ཕེབས་ནའང། བཏོལ་སྐྱེས་ཀྱི་གདངས་སྒྲིབ་མེད་དུ་ཁ་ནས་ཤོར། ང་ལོ་ཙཱ་བ་དེ་དང་མཇལ་བ་ལ་ཉི་མ་སོར་