R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 115
[A:115]གང་གི་སྔ་ཕྱི་ལ་ཡང་ཁྱད་ཡོད། ཤི་ན་ཡང་གླང་བུ་ལས་ལ་ཤི། འདོད་ཆོས་ཀྱི་སྙིང་པོ་རྒྱུད་ཐམས་ཅད་ཀྱི་ངེས་གསང་གབ་པོ་ཁོལ་དུ་བྱུང་བ་སེང་གེའི་འོ་མ་ལྟ་བུ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཅིག་ཐོབ་དགོས་པ་ཡོད་དེ་བླ་མ་ལོ་ཆེན་ལ་ཨེ་བཞུགས་མི་ཤེས། ཁར་སང་གནང་བའི་ཕྱག་རྟགས་ནང་ན། གཉིས་མེད་དུས་ཀྱི་འཁོར་ལོའི་མན་ངག་སྙན་བརྒྱུད་མན་ལུང་གུ་རུ་ནས་བརྒྱུད་པའི་ཟབ་གནད་ཅག་ཅིག་སྟེར་རྒྱུ་ཡོད་གསུང་བའི་བཀའ་བསྩལ་ཕེབས་བྱུང་བྱས་པས། བཞུགས་གྲལ་དེ་ལ་དགེ་བཤེས་སྒང་ཡོལ་ཅིག་བཞུགས་འདུག་པ་ཁོང་པའི་གསུང་ནས། ཆོས་ས་སྐྱ་པའི་ལམ་འབྲས་ལས་ཟབ་པ་ཞིག་གང་ན་རྙེད། ལོ་ཆེན་པ་ལ་བསྙེན་སྒྲུབ་བཞུགས་མི་བཞུགས་ནི་མ་ཤེས། སྦྱོར་དྲུག་ཟེར་བ་ཅིག་ནི་གནང་གིན་ཡོད་ཚོད་འདུག་གསུང་བ་ལ། ལམ་འབྲས་ལས་ཟབ་པའི་ཆོས་མེད་པར་ཐག་གཅོད་པ་ལ། ཆོས་གཞན་གྱི་ཟབ་མི་ཟབ་སྔོན་ལ་ཤེས་དགོས། རྨོངས་ཞེན་དུད་འགྲོས་ཀྱང་ཤེས། སྦྱོར་དྲུག་ཤཱཀྱ་ཐུབ་པ་སངས་རྒྱས་པའི་ཆོས་ཡིན། ལམ་འབྲས་ཀྱི་མིང་མ་བྱུང་གོང་དུ་སྦྱོར་དྲུག་པའི་གྲུབ་ཐོབ་ནམ་མཁའི་སྐར་མ་ཙམ་རྫོགས་ཟིན། ཅེས་སྨྲ་བའི་སྒང་ལ། ཡང་གྲལ་དེའི་དགེ་བཤེས་གཞོན་པ་གཅིག་གིས་ངེད་ལ་སྦྱོར་དྲུག་དང་བསྙེན་སྒྲུབ་ཀྱི་བར་ལ་ཁྱད་ཇི་ཙམ་ཡོད་འདིར་བྱུང་པ་ལ། ཤེས་པ་ཧུར་ཕྱུང་བའི་སྐབས་ཡིན་པས། དེ་གཉིས་ཀྱི་བར་ལ་རྟ་ཆགས་ཅིག་ཙམ་ཡོད་བྱས་གློ་བུར་དུ་ལངས་ཏེ་དེ་ནུབ་རྒྱང་མཁར་དུ་ཕྱིན། གནས་ཚང་བཙུན་པ་འདྲ་བ་སྡུག་ཐུག་ཅིག་གི་སྒོ་གཡབས་སུ་ཉལ་བས། ལོ་ཆེན་དང་ནང་པར་མཇལ་ཡོང་སྙམ་པས་སེམས་དྲངས། བྱིས་པ་བལྟས་མོ་ལ་བསགས་པ་ལྟར་རྩིས་གཏད་མེད་པའི་ངང་ནས་ནམ་ནམ་ལངས་ཡོང་ངམ་