R144: རྗེ་བཙུན་ཀུན་དགའ་གྲོལ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་ཐར།

  • Pagination (Witness A): 116
[A:116]སྙམ་པའི་འདུན་པ་སྐམ་སྐམ་པ་ཁོ་ན་ལས་གཉིད་བྱ་གྲིབ་ཅིག་མ་བྱུང། ཐོ་རེངས་སྔ་བར་ལངས། ལ་དགུ་ལུང་དགུ་འཛེགས་ཉིན་མོའི་གདན་ཅིག་དེའང་ཟ་ལོང་མེད་པ་ཙམ་བྱས་སྙུར་ཕྱིན་པས། རྐང་འགྲོས་ཞན་པ་དང། ལམ་མ་བདེ་བའི་སྟབས་ནས་དེ་ནུབ་སྨན་སྡིངས་སུ་མ་སླེབ་པར་སྲོད་ཁྱེར་ཙམ་ལ་ལྷུན་སྡིངས་ཀྱི་ལོགས་དེར་སླེབ། གྲྭ་པ་བྱིན་གནས་ཚང་དུ་བཏང། ངེད་རང་དཔལ་འབྱོར་གཉིས་ཀྱིས་ཞིང་སྟེང་ཞིག་ཏུ་ཉལ་བའི་རྨི་ལམ་དུ། བུ་མོ་བཞིན་བཟང་མ་སྔར་ངོ་ཤེས་པ་སྙམ་བྱེད་པ་འདི་ཡིན་མི་མཚོན་པ་གསུམ་གྱི་མགུལ་རྒྱན་ནས། དུང་བྱི་རུ་མུ་མེན་ལ་རྡོ་རྗེའི་གཟུགས་ཤིན་ཏུ་དོད་པ་མིག་ཅན་གསུམ་བཀྲོལ་ཏེ་བྱིན། སྐུད་པ་ཁྲ་བོ་གསར་པ་གཅིག་ལ་རྒྱུས་ངེད་རང་གི་ལག་པ་ལ་དཀྲིས་པ་རྨི་མཚམས་གཉིད་བསད་དེ་བསམས་པས། རྟེན་འབྲེལ་འདི་དང་སྒོ་བཏུན་ན་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་དེ་ཐོབ་ཉེན་འདུག་སྟེ་སྙམ་པ་ལྷང་ལྷང་བྱུང། དེར་ཉི་རྩེ་དང་བསྟུན། ལོ་ཆེན་བཞུགས་གནས་སྨན་སྡིངས་རི་བོ་རྒྱས་པའི་མགུལ་པར་ཕྱིན་པས། ས་གཡོས་སྟབས་སྒྲུབ་ཁང་གི་ཕྱིའི་སྤངས་ཤོངས་ཤིག་ན་གདན་ཆགས་འདུག་པས། སྔར་གྱི་རྨི་ལམ་ལ་ངེས་ཤེས་གཏིང་ནས་འདྲོངས། དེར་ངེད་བསུ་བ་ལ་ཕེབས་བྱུང་པའི་ལམ་ཁར། ངེད་ཕྱོགས་ལ་ཞལ་གཏད་གསང་ཆབ་ཅིག་བསིལ་བ་མཛད་ཀྱི་འདུག་པས། རྨི་ལམ་གྱི་འོ་མའི་རྒྱུན་དེ་འདི་ལ་དགོངས་པ་ཡིན་སྙམ་རྒྱུགས་ཕྱིན་པས་ཧུབ་གང་ཙམ་ཅིག་མྱོང་བས། རོ་དྲི་དཔེས་མི་མཚོན་པའི་བཤད་དུ་མེད་པ་ཅིག་བྱུང། དེར་ཕྱག་རྟེན་གསེར་ཞོ་གང། དབུ་ཞྭ་པཎ་ཞུ་དམར་པོ་བཟོ་ཁྱད་ཡོད་པ་ཅིག། རྒྱུ་སྤོས་བཅུ་ཆག། སྣམ་གཟན་དམར་པོ་ལེགས་པ། དྲི་མ་མེད་པའི་རས་དཀར་སྣེ་