R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༦༨
[A:༦༨]སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །ཞེས་སོགས་བསྟན་བཅོས་མཆོད་བརྗཽད་བརྗོད་པའི་ཚེ། །ཕྱི་རོལ་རྟོག་གེ་ངན་པས་ཁེངས་པ་ཡི། །འཕྲོག་བྱེད་དགའ་བ་ཞེས་བྱའི་ཕྱི་རོལ་པ། །ཕྲག་དོག་ཞེ་སྡང་མེ་རླུང་འཚུབས་འདྲ་ཡི། །དབང་ཕྱུག་ཚངས་པའི་རྗེས་འབྲང་རལ་པ་ཅན། །དྲུག་ཕྲག་གཅིག་གིས་འགྲན་པར་སེམས་ཏེ་འོངས། །བླ་མ་ཆོས་རྗེའི་དྲུང་དུ་ལྷགས་ནས་ཀྱང༌། །དབང་ཕྱུག་ཚངས་པའི་ཡོན་ཏན་ཆེ་བ་བརྗོད། །དེ་ནས་བླ་མ་ཆོས་རྗེ་སློབ་མའི་ཚོགས། །འཕྲོག་བྱེད་རལ་པ་ཅན་དང་རྩོད་པར་བརྩམ། །བཅུ་གསུམ་གདུགས་དང་བསྟན་པ་དཔང་དུ་བཙུགས། །བཅུ་གཉིས་བར་དུ་བླ་མ་ཆོས་རྗེ་ཕམ། །འུ་ཡུག་བཟང་རིངས་ལ་སོགས་བྲོས་པའི་ཚེ། །ཡི་དམ་ལྷ་ལ་ཡི་ཆད་གསོལ་བ་བཏབ། །སྒྲོལ་མས་ལུང་བསྟན་འཇམ་དབྱངས་རྩོད་པའི་གྲོགས། །བྱས་པས་བཅུ་གསུམ་ཉིན་པར་ཆོས་རྗེ་རྒྱལ། །འཕྲོག་བྱེད་རལ་པ་ཅན་གྱིས་འདི་སྐད་སྨྲས། །ཁྱོད་མིན་ཁྱོད་ཀྱི་ཕྲག་པ་གཡས་པ་ཡི། །དམར་སེར་རལ་གྲི་ཅན་དེ་མ་ཐུབ་པས། །དེ་བས་ཁྱོད་རྒྱལ་ང་ནི་ཕམ་པར་གྱུར། །ཞེས་ཞུས་འཁོར་རྣམས་བྲོས་ཏེ་སོང་ཞེས་གྲགས། །དེ་ནས་འཕྲོག་བྱེད་དགའ་བས་འདུད་པའི་ཚེ། །པདྨའི་བསྟན་སྲུང་བསྟན་མས་བར་ཆད་བྱས། །འཕྲོག་བྱེད་དགའ་བ་མྱ་ངན་ཞབས་སུ་ཤི། །ཕྱིན་ཆད་བོད་དུ་མུ་སྟེགས་པ་ཡི་རིགས། །བགྲོད་པར་མི་ནུས་འོང་བར་མི་སེམས་སོ། །བསྟན་ལ་བྱ་ཤེས་ཆོས་རྗེ་རིན་པོ་ཆེ། །རིག་པའི་གནས་ལྔ་མཐར་ཕྱིན་ཟབ་མོ་ཡིས། །འགྲོ་དོན་མཛད་ཅིང་འཆད་རྩོད་རྩོམ་པའི་ཚེ། །རྗེ་བཙུན་ཆེན་པོའི་ཞལ་ནས་འདི་སྐད་གསུངས། །མི་རིགས་མི་གཅིག་སུམ་བརྒྱ་དྲུག་ཅུའི་ཡུལ། །སྐད་རིགས་མི་གཅིག་བདུན་བརྒྱ་ཉི་ཤུའི་སྐད། །ཐ་དད་སྐད་དང་ཡུལ་གྱིས་དབྱེ་བའི་ཡུལ། །བྱང་ནས་བྱང་ཕྱོགས་རྒྱལ་ཁམས་ཧོར་གྱི་ཡུལ། །བསོད་ནམས་བསགས་པའི་ཇིན་གིན་གན་གྱི་རྒྱུད། །བྱང་སེམས་སྤྲུལ་པ་རྒྱལ་པོ་གོ་དན་གྱིས། །ཁྱོད་ཀྱི་སྙན་པའི་གྲགས་པ་ཐོས་ནས་ཀྱང༌། །སྤྱན་འདྲེན་ཕོ་ཉ་དྲག་པོ་འདི་ལྟར་འོངས། །ཞ་ཁྲ་འདྲ་ལྷམ་ཕག་སྣ་འདྲ་གྱོན་པའི། །དོར་ཏ་ཞེས་བྱའི་རྐང་མགྱོགས་བཏང་བའི་ཚེ། །ཐེ་