R15: ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་འབྲིང་པོ།

  • Pagination (Witness A): ༦༩
[A:༦༩]ཚོམ་མ་བྱེད་མྱུར་དུ་སོངས་ཤིག་དང༌། །སངས་རྒྱས་བསྟན་ལ་འགྲོ་དོན་དཔག་མེད་འབྱུང༌། །ཞེས་གསུངས་ཞལ་བཞེས་ཐུགས་ལ་བཞག་པའི་ཚེ། །གསུང་བཞིན་རྒྱལ་པོའི་ལུང་གིས་དོར་ཏ་སླེབ། །གོ་དན་ལུང་བསྒྲགས་སྤྲོ་བ་བསྐྱེད་ནས་ནི། །དགུང་ལོ་དྲུག་ཅུ་རྩ་གསུམ་བཞེས་པའི་ཚེ། །གསུངས་དྲན་ཐེ་ཚོམ་མ་བྱས་མྱུར་བ་ནི། །བྱང་ཕྱོགས་སྤྲུལ་པ་སྡེ་ཡི་ལིང་ཆུ་རྩེར། །དྲུག་ཅུ་རྩ་ལྔ་མེ་ཕོ་རྟ་ཡི་ལོར། །རྒྱལ་པོའི་ཕོ་བྲང་དམ་པར་ཆགས་ཕེབས་ནས། །གོ་དན་ཆེན་པོ་རྒྱལ་པོའི་དྲུང་དུ་ནི། །མེ་མོ་ལུག་ལོའི་ཟླ་བ་དང་པོ་ལ། །བླ་མ་ཆེན་པོ་ཆོས་རྗེ་ཁུ་དབོན་དང༌། །མཇལ་ནས་ཆོས་ཀྱི་གསུང་གླེང་མང་དུ་མཛད། །ཡོ་གུར་བནྡེ་མང་པོས་མཚམས་སྦྱར་ནས། །མཆོད་གནས་བླ་མ་ཀུན་གྱི་ཕུད་དུ་ཁུར། །རྒྱལ་པོ་ཆེན་པོ་ཤིན་ཏུ་མཉེས་ནས་ཀྱང༌། །བོད་ཀྱི་པག་ཤི་རྣམས་ཀྱི་ཆེ་འདོན་མཛད། །ཧོར་གྱི་རྒྱལ་ཁམས་རྡོ་རྗེ་ཐེག་པ་ལ། །བཅུག་ཅིང་གཞན་དོན་དཔག་མེད་བྱུང་བའི་ཚེ། །འགྲོ་བའི་བླ་མ་ཀུན་མཁྱེན་ཆོས་རྗེ་དེ། །སྐུ་ཚེའི་འདུ་བྱེད་བཏང་བའི་ལྟས་སུ་ནི། །ངོ་མཚར་ཅན་རྣམས་གདུལ་བྱ་ཀུན་ལ་བསྟན། །ཐ་སྐར་ཟླ་བའི་ས་གཡོས་བྱུང་བའི་ཚེ། །བཟང་ངན་ཞུས་པས་བྱང་ཆུབ་སེམས་དཔའ་རྣམས། །སྐྱོ་བ་སྐྱེས་ནས་གཞན་དུ་བཞུད་པ་ན། །ཆོས་ཉིད་དེ་ཡིན་བདག་ཀྱང་དེར་ཆུད་གསུངས། །སྐུ་ལ་འབྱུང་བཞིའི་ནད་ཀྱིས་བསྙུང་བའི་ཚེ། །ཞི་བ་ལྷ་དང་འཕགས་པ་ཀླུ་སྒྲུབ་དང༌། །འཇམ་དབྱངས་མགོན་པོ་ཡེ་ཤེས་སེམས་དཔའ་དང༌། །སྤྱན་རས་གཟིགས་དབང་རྗེ་བཙུན་སྒྲོལ་མ་དང༌། །ས་བཅུའི་དབང་ཕྱུག་བྱམས་པ་མི་གཡོ་མགོན། །ཞལ་བསྟན་མངོན་སུམ་དུ་ནི་གཟིགས་ནས་ཀྱང༌། །ཞི་བ་ལྷ་ཡི་ཞལ་ནས་འདི་སྐད་གསུངས། །སྡུག་བསྔལ་ཀུན་འབྱུང་འབྲས་བུར་ཤེས་པར་གྱིས། །འབྱུང་བཞིའི་ལུས་ལ་སྐྱེ་འཆི་ཡོད་དེ་གསུངས། །དེ་ལྟར་འཕགས་པ་ཆེན་པོ་ཀླུ་སྒྲུབ་ཀྱིས། །འདུས་བྱས་མི་རྟག་ལ་སོགས་ཆོས་ཀྱི་སྡོམ། །སྒྱུ་མའི་དཔེ་བརྒྱད་མི་རྟག་པ་ཡང་གསུངས། །འཇམ་པའི་དབྱངས་ཀྱིས་སྐྱེ་བ་ཐམས་ཅད་དུ། །ལྷག་པའི་ལྷ་མཆོག་དམ་པར་ཞལ་གྱིས་བཞེས། །སྤྱན་རས་གཟིགས་ཀྱི་ཕྱག་གིས་སྐུ་ལ་བྱུགས། །རྗེ་བཙུན་