[A:༧༠]སྒྲོལ་མས་འཁོར་བ་སྒྲོལ་ཞེས་གསུངས། །བྱམས་པ་མགོན་པོས་ཏིང་འཛིན་བརྒྱ་ཕྲག་གི །སྒོ་དབྱེ་ས་ལམ་ལུང་བསྟན་མངོན་སུམ་མཛད། །མི་གཡོ་མགོན་པོས་བདུད་བཞིའི་བར་ཆད་དང༌། །ལམ་གྱི་འཇིགས་པ་བསལ་ཞེས་དབུགས་དབྱུང་མཛད། །ཉི་ཤུ་དགུ་ཡིན་ནམ་ཕྱེད་གྱུར་པ་ན། །དེ་བཞིན་གཤེགས་པ་སྒྲ་དབྱངས་མི་ཟད་པ། །སྒྲོགས་པའི་རྒྱལ་པོ་མངོན་སུམ་གཟིགས་གྱུར་ཅིང༌། །རྒྱས་འབྲིང་བསྡུས་གསུམ་དེ་ཉིད་སྦས་དོན་ཞུས། །དེ་ཡི་ཐོ་རངས་སྤྱན་རས་གཟིགས་མགོན་ལ། །ཐུགས་རྗེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཞུས། །ཉི་མ་འཆར་ཀར་འཇམ་དབྱངས་ཞབས་དྲུང་དུ། །ཤེས་བྱའི་གནས་ལ་ཐེ་ཚོམ་དྲ་བ་བཅད། །སྨིན་དྲུག་ཟླ་བའི་ཡར་ཚེས་དྲུག་གི་ཉིན། །པི་ཝང་གླིང་བུ་རོལ་མོའི་སྒྲ་རྣམས་བྱུང༌། །དད་ལྡན་སྐྱེ་བོས་ལྟས་བཟང་སེམས་པ་ལ། །ཆོས་རྗེའི་ཐུགས་ནི་རངས་པར་མ་གྱུར་ཏོ། །བཅུ་གསུམ་སྔ་དྲོ་གཟིམས་ཁང་བཞུགས་པའི་ཚེ། །སེང་གེའི་ཁྲི་ལ་སངས་རྒྱས་བཅོམ་ལྡན་འདས། །ཉན་ཐོས་དགྲ་བཅོམ་འཁོར་གྱི་ཚོགས་ནང་དུ། །བཅུ་གཉིས་བདེན་བཞིའི་ཆོས་འཁོར་བསྐོར་བ་ལ། །ཡན་ལག་བདུན་པ་བཟང་སྤྱོད་མདོ་ཡི་ལུགས། །སྨོན་ལམ་རྒྱལ་པོ་ལྷ་ཡི་སྐད་དུ་བཏབ། །བཅུ་བཞིའི་ཉིན་པར་སྤྲིན་གྱི་ཕུང་པོའི་ནང༌། །ཀྱེ་ཡི་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ། །བཤད་པའི་རྒྱུད་འཛིན་རིག་འཛིན་སྡོམ་པ་ཞུས། །ལྔ་གསུམ་ཟླ་རྒྱས་བསྐོར་བ་མཛད་པའི་ཚེ། །ནམ་མཁའི་མཐོངས་སུ་འཇའ་འོད་འཁྱིལ་བའི་དབུས། །རྗེ་བཙུན་སྒྲོལ་མ་ལན་གསུམ་ཞལ་གཟིགས་ནས། །ཕྱག་གཉིས་ཐར་སྦྱར་ཨ་བི་ཏ་ར་ཞེས། །ཚེས་པ་བཅུ་བདུན་ནམ་གུང་ཡོལ་བ་ན། །གཟིམས་པ་ནས་བཞེངས་བདུག་སྤོས་ཕུལ་ནས་ནི། །བི་ཇི་ལ་སོགས་བུ་སློབ་ཚོགས་རྣམས་ལ། །མཁའ་ལ་ཅི་ཤར་ཁྱོད་ཀྱིས་མཐོང་གྱུར་ཏམ། །རོལ་མོ་ཐོས་སམ་ཡིད་ལ་བདེ་མཐོང་ངམ། །ནམ་མཁའི་མཐོངས་སུ་རོལ་མོའི་སྒྲ་རྣམས་སྒྲོགས། །ཅི་ཡང་མ་མཐོང་ཞུས་པས་ད་དུང་ཡང༌། །སྡིག་ཤས་ཆུང་མོད་འབད་པས་ཤིན་ཏུ་སྦྱོངས། །བདེ་མཆོག་ལ་སོགས་དཀྱིལ་འཁོར་མཐོང་ཞེས་གསུངས། །སྡུག་བསྔལ་འགྲོ་ལ་ཐུགས་རྗེ་སྐྱེས་པ་ན། །