[A:༧༡]བདེ་བར་གཤེགས་ལ་ཡི་ཆད་གྱུར་པའི་ཚེ། །ཐོ་རངས་ཆ་ལ་བླ་མ་རྗེ་བཙུན་དང༌། །མཐུ་སྟོབས་དབང་ཕྱུག་ཤར་ཕྱོགས་ནག་པོ་པ། །དངོས་སུ་བྱོན་ནས་ཡི་ཆད་མ་བྱེད་གསུངས། །ཇི་སྲིད་ཉེར་ལེན་ཕུང་པོ་ཡོད་རིང་ལ། །སྐྱེ་རྒ་ན་འཆི་ཡོད་པ་ཆོས་ཉིད་ཡིན། །ཁྱོད་ཀྱང་མིར་སྐྱེས་ཉི་ཤུ་རྩ་ལྔའི་བར། །འཇམ་དབྱངས་རྗེས་བཟུང་རིག་པའི་གནས་ལྔ་མཁྱེན། །འཇིག་རྟེན་ཁམས་མང་བརྒལ་བའི་ཕ་རོལ་དུ། །མཁའ་ལ་གནས་པའི་སངས་རྒྱས་ཉིད་འགྱུར་ཏེ། །སངས་རྒྱས་མཉེས་བྱས་སེམས་ཅན་ཡོངས་སྨིན་བྱས། །ཞིང་ཁམས་རྒྱ་ཆེན་བགྲོད་པར་བྱས་ནས་ཀྱང༌། །ས་རྣམས་ཐམས་ཅད་རིམ་གྱིས་རབ་བགྲོད་དེ། །རྒྱ་གར་ཤར་ཕྱོགས་མུ་མུ་ནི་ཞེས་པར། །རྒྱལ་པོ་ཆེན་པོ་ཉི་མ་སྟོབས་འཕེལ་བུ། །བསྟན་ལ་རབ་བྱུང་སྐྱེ་བ་བརྗེས་ནས་ནི། །དད་ལྡན་གདུལ་བྱ་འབུམ་ཕྲག་དུ་མ་ཞིག །ཡོངས་སུ་སྨིན་བྱས་དྲི་མ་མེད་པ་ཡི། །དཔལ་ཞེས་བྱ་བའི་སངས་རྒྱས་ཉིད་འགྱུར་ཞེས། །བླ་མ་རྗེ་བཙུན་ཆེན་པོས་ལུང་བསྟན་མཛད། །བིརྺ་པ་ཡིས་དེ་ལ་མཐུན་འགྱུར་བརྗོད། །ནག་པོའི་ཞབས་ཀྱིས་ཡི་རངས་འཛུམ་པ་མཛད། །ཉེ་གནས་དམ་པས་བདུག་སྤོས་ཡང་ཡང་ཕུལ། །ཆོས་རྗེས་མཆོད་པ་རྣམས་ལྔའི་ཕྱག་རྒྱ་མཛད། །སྨལ་པོ་ཟླ་བའི་དཀར་ཕྱོགས་ཚེས་བརྒྱད་ལ། །རྣལ་འབྱོར་དམ་ཚིག་གསོ་བའི་ཚོགས་འཁོར་མཛད། །ནམ་མཁའི་མཐོངས་ན་རོལ་མོའི་སྒྲ་རྣམས་སྒྲོགས། །བི་ཇི་ལ་སོགས་བུ་སློབ་ཚོགས་རྣམས་ཀྱིས། །ཅི་ལགས་ཞུགས་པས་ཁྱེད་རྣམས་མི་ཤེས་སམ། །ཁོ་བོ་འདི་ནས་གཞན་དུ་འགྲོ་བའི་ལྟས། །བསྐལ་པ་སྟོང་དུ་ཕ་རོལ་ཕྱིན་པའི་ཚུལ། །མགོ་དང་རྐང་ལག་བདོག་པ་བཏང་བའི་མཐུས། །བླ་མའི་ཟབ་ལམ་སྐད་ཅིག་གཅིག་ལ་རྫོགས། །རིམ་གྲོ་བྱས་པས་ཁྱེད་རང་རྣམས་ལ་ཕན། །བླ་མ་དམ་པས་བྱང་ཆུབ་བརྙེས་པ་ན། །སློབ་མའི་ཚོགས་ལ་ཡེ་ཤེས་གཟིགས་པ་འཇུག །འབྲེལ་པ་བྱས་པ་དོན་མེད་མི་འགྱུར་བས། །ཆོས་ཐོས་པ་ལ་དགའ་བ་སྒོམས་ཤིག་གསུངས། །ལྕགས་མོ་ཕག་ལོ་བདུན་ཅུ་བཞེས་པའི་ཚེ། །སྐུ་ཡི་དབོན་པོ་ཆོས་ལས་སྐྱེས་པའི་སྲས། །བློ་ལྡན་འཕགས་པའི་སྤྱི་བོ་ཕྱག་བཞག་ནས། །