[A:༧༢]སངས་རྒྱས་ཀུན་གྱིས་བགྲོད་པ་གཅིག་པའི་ལམ། །རྒྱུད་སྡེའི་དགོངས་པ་བླ་ན་མེད་པའི་མཆོག །སྒྲུབ་ཐབས་ཟབ་མོ་བླ་མའི་རྣལ་འབྱོར་ལ། །གསོལ་འདེབས་ཉམས་ལེན་རེམས་ཤིག་བུ་སློབ་ཀུན། །ཁྱེད་རྣམས་ཐམས་ཅད་གང་གསུང་སྒོ་ནས་ཀྱང༌། །ལེགས་པར་འོང་ཞེས་བཀའ་ཡི་རྗེས་གནང་མཛད། །སྨལ་པོ་ཟླ་བའི་ཡར་ཚེས་བཅུ་བཞི་ཡི། །ཐོ་རངས་ཆ་ལ་སྐྱ་རེངས་ཤར་བའི་ཚེ། །རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་ནི། །མཁའ་ལ་དཔའ་བོ་དཔའ་མོ་མཁའ་འགྲོའི་ཚོགས། །གནས་གཙང་ལྷ་ཡི་བུ་དང་བུ་མོ་རྣམས། །རོལ་མོའི་སྒྲ་དང་ས་གཡོས་བསུ་བ་དང༌། །བཅས་ཏེ་དགོངས་པ་ཡོངས་སུ་མྱ་ངན་འདས། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཞག་གསུམ་དུ། །བརྟན་པར་བཟུང་ནས་གཟི་བརྗིད་མདངས་དང་ལྡན། །བཅོ་བརྒྱད་སྔ་དྲོ་དྲི་བཟངས་དར་ཟབ་ཀྱིས། །རིན་ཆེན་སྒྲོམ་བུར་རིམ་གྲོ་ཆེར་བྱས་ཏེ། །སྣ་ཚོགས་རྒྱན་སྤྲས་རིན་ཆེན་ཁྲི་སྟེང་དུ། །ལྷ་རྫས་མཆོད་པའི་སྤྲིན་གྱིས་བསྐོར་ནས་བཞུགས། །ཉེར་ལྔའི་ཉིན་མོ་མཆོད་པ་ཕུལ་དུ་བཏབ། །རྒྱལ་རྒྱུད་ང་རྒྱལ་ཆེ་ལྡན་དཔུང་གི་ཚོགས། །ཡན་ལག་བཞི་ལྡན་དུ་མ་ཕན་ཚུན་དུ། །འདེགས་པའི་གྱད་ལ་མ་དུམ་རྩོད་པར་བརྩམས། །གཡུལ་དུ་ཞུགས་ནས་འཐབ་མོའི་སྟ་གོན་བྱས། །བློ་གྲོས་མཆོག་གིས་ཆགས་སྡང་ཞི་བྱའི་ཕྱིར། །རྒྱུ་ཡི་མི་གཉིས་དེ་བཞིན་གེ་སར་གཉིས། །ཡོ་གུར་གཉིས་དང་དེ་བཞིན་བོད་ཀྱི་བཞི། །བཅུ་ཕྲག་གཅིག་གིས་སྐུ་གདུང་མཁའ་ལ་བཏེག །རྒྱ་བོད་ཧོར་གསུམ་སྐད་རིགས་མི་གཅིག་པའི། །ཕལ་པའི་སྲུང་མ་གཤིན་རྗེའི་ཕོ་ཉ་བཞིན། །འཇིགས་པའི་གཟུགས་ཅན་ལག་ན་དབྱུག་ཏོ་ཐོགས། །སྦྱོར་བ་རྩུབ་ཀྱང་བྱམས་པའི་སེམས་དང་ལྡན། །བསམ་པ་ངན་ཡང་གདུང་སྒྲོམ་གུས་པར་སྲུང༌། །ལྷ་མིའི་ཚོགས་རྣམས་མེ་ཏོག་འཐོར་བ་དང༌། །དྲི་ཆབ་གར་མཁན་ཞལ་ཟས་རོལ་མོའི་ཚོགས། །ཁྱད་པར་བདུག་སྤོས་དུ་མའི་སྤྲིན་སྤུངས་ཀྱིས། །རབ་ཏུ་མཆོད་ཅིང་གདུང་བའི་སྨྲེ་སྔགས་འདོན། །ཁྲིམས་ལུགས་ཆོས་མཐུན་མི་ཉག་རྒྱལ་པོ་ཡི། །ཆབ་འོག་བྱང་ཕྱོགས་རྒྱལ་ཁམས་ས་ཡི་ཕྱོགས། །ལིང་ཆུ་རྩེར་ཁབ་གྲོང་ཁྱེར་འགའ་ཡི་ཡུལ། །སྤྲུལ་པའི་ལྷ་ཁང་བརྒྱ་ཕྲག་ཕྱེད་འདས་པ། །ས་གཞི་ཡིད་སྨོན་ལག་མཐིལ་ལྟར་