[A:༨༦]གསལ་བར་བྱེད་པའི་རྣམ་འགྲེལ་དུ་མ་དང༌། རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པའི་དཀྱིལ་འཁོར་གྱི་ཆོ་ག་དང༌། དེའི་ལྷ་མཉེས་པར་བྱེད་པ་སོ་སོའི་སྒྲུབ་པའི་ཐབས་མ་ལུས་པ་དང༌། ཟབ་མོར་གྱུར་པའི་རྒྱུད་སྡེ་མ་ལུས་པའི་གཅེས་པའི་གནད། དཔལ་ལྡན་ཆོས་སྐྱོང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ལ་སོགས་པ་དངོས་གྲུབ་བརྙེས་པ་མཐའ་དག་གིས་དགོངས་ཤིང་རྗེས་སུ་གདམས་པ་དང་བཅས་པ་གསན་ཅིང་མངོན་དུ་མཛད་པ་ལེགས་པར་རྟོགས་པའི་ཚུལ་དང༌། དེ་ཉིད་ལས་མདོ་དང་བསྟན་བཅོས་ལ་སོགས་པ་ཇི་སྙེད་ཅིག་ནོས་པ་དེ་དག་གསལ་བར་བརྗོད་པ་ནི་འདི་ལྟ་སྟེ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དེས་རྒྱུད་སྡེ་ཟབ་མོ་རྣམས་ཕྱག་ཏུ་བླང་བའི་རིམ་པ་བསྐྱེད་པ་རྡུལ་ཚོན་གྱི་དཀྱིལ་འཁོར་རང་བཞིན་གྱིས་གྲུབ་པ་དང་བཅས་པར་དབང་བཞིའི་ཆོ་ག་རྫོགས་པར་སྨིན་པར་མཛད་ནས། རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པའི་རྒྱུད་དཔལ་ཀྱེ་རྡོ་རྗེའི་བཤད་པ་ལ། རྩོད་པའི་དུས་སུ་རྒྱུད་སྡེ་དང་གདམས་ངག་མ་ལུས་པའི་མཛོད་འཛིན་པ་བླ་མ་ཆེན་པོ་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཉིད་ལས་དཔལ་ལྡན་ས་སྐྱ་པ་ཆེན་པོ་དགེ་བའི་བཤེས་གཉེན་འཁོན་དཀོན་མཆོག་རྒྱལ་པོ་ཉིད་ཀྱིས་གསན་པ་དང༌། ཡང་ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་དུས་ཕྱིས་ཀྱི་ཐུགས་སྲས་དམ་པར་གྱུར་པ་བླ་མ་མངའ་རིས་པ་གསལ་བའི་སྙིང་པོ་ཞེས་བྱ་བའི་བཤད་པའི་སྲོལ་ཏེ། གཉིས་ཀ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའི་དགོངས་པ། ཇོ་བོ་ག་ཡ་དྷ་རའི་གསུང་སྒྲོས་ལོ་ཙཱ་བ་ཆེན་པོ་དེའི་དགོངས་པར་གཅིག་མོད། འོན་ཀྱང་བླ་མ་མངའ་རིས་པའི་གསུང་གཙོ་བོར་གྱུར་པ། རྩ་བའི་རྒྱུད་བརྟག་པ་གཉིས་པ་དང༌། དེའི་བཤད་པའི་རྒྱུད་ཐུན་མོང་མ་ཡིན་པ་རྡོ་རྗེ་གུར། ཐུན་མོང་བ་སམྤུ་ཊ་སྟེ་རྒྱུད་གསུམ་དུ་གྲགས་པ་དང༌། ཡང་ཨོ་ཌྱན་གྱི་པཎྜི་ཏ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཤེས་རབ་གསང་བ་ཞེས་བྱ་བའི་བཤད་པའི་སྲོལ། བརྟག་པ་གཉིས་པའི་རྒྱུད་ཕྱི་མར་གྱུར་པ་ཕྱག་རྒྱ་ཆེན་པོ་ཐིག་ལེ་དང༌། བཤད་པའི་རྒྱུད་ཡེ་ཤེས་ཐིག་ལེ། དེ་ཁོ་