[A:༨༧]ན་ཉིད་ཀྱི་སྒྲོན་མ། གསང་བའི་སྒྲོན་མ། དེ་ཁོ་ན་ཉིད་ཀྱི་མན་ངག་སྟེ་ཐིག་ལེའི་རྒྱུད་ལྔ་དང༌། རྙོག་པ་མེད་པ་ཨཱ་ར་ལི་དང༌། རི་གི་ཨཱ་ར་ལི་དང༌། རྡོ་རྗེ་ཨཱ་ར་ལི་སྟེ་རྒྱུད་ཆུང་བ་གསུམ་བསྟན་བཅོས་དང་མན་ངག་དུ་མས་བརྒྱན་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་བླ་མ་མར་པ་ལྷོ་བྲག་པའི་སློབ་མ་མེས་ཚོན་པོ་ཞེས་བྱ་བའི་བཤད་པའི་སྲོལ་བྱང་ཆུབ་སེམས་དཔའ་ས་སྐྱ་པ་ཆེན་པོས་དགེ་བའི་བཤེས་གཉེན་སྒྱི་ཆུ་བ་ལས་གསན་པའི་དཔལ་ཀྱེའི་རྡོ་རྗེའི་བཤད་ཚུལ་ནོས་པ་ཡིན་ནོ། །དྲི་མ་མེད་པའི་རྒྱུད་སྡེ་དག་གི་རྣམ་པར་འགྲེལ་པ་དང༌། ལག་ཏུ་བླང་བའི་རིམ་པ་ལ་སོགས་པ་སོ་སོའི་དགོངས་པ་ཐུགས་སུ་ཆུད་པར་མཛད་པ་ནི། དེ་ལྟ་བུའི་རྩ་བའི་རྒྱུད་བརྟག་པ་གཉིས་པ་གཙོ་བོར་གྱུར་པའི་རྡོ་རྗེའི་ཚིག་དེ་ལ། སྤྲུལ་པའི་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཀྱི་སློབ་མར་གྱུར་ཅིང་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་ཉིད་ཀྱི་དགོངས་པ་ཡིན་མོད་རེ་ཞིག་ཌོམྦྷི་བའི་སྐོར་ཞེས་གྲགས་པ་ལ། བརྟག་གཉིས་ལ་འགྲེལ་པ་ཀུ་མུ་ཏི། དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡང་བཟུང༌། སྒྲུབ་པའི་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས་ཏེ་སློབ་དཔོན་མི་ཐུབ་ཟླ་བས་མཛད་པ་རྣམས་དང༌། འཁོར་ལོ་བཞི་ལ་བརྟེན་པའི་རྫོགས་རིམ་སྟོན་པ་གཏུམ་མོའི་འགྲེལ་ཆུང་ལ་སོགས་པ་གཙོ་བོ་དང་ཡན་ལག་གི་བསྟན་བཅོས་བཅུ་ཕྲག་གཅིག་དང་དགུས་ལྷག་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དོ། །ཡང་རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་རྣལ་འབྱོར་གྱི་དབང་ཕྱུག་པདྨ་བཛྲ་ཞེས་བྱ་བས་གསལ་བར་མཛད་པ་འགྲེལ་པ་པདྨོ་ཅན། དཀྱིལ་འཁོར་གྱི་ཆོ་ག་ནས་གླིང་མ། སྒྲུབ་པའི་ཐབས་མཚོ་སྐྱེས་ལ་སོགས་པ་སྡེ་ཚན་རྣམ་པ་བདུན་ལ་པདྨའི་སྐོར་ཞེས་གྲགས་པ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ། །དེ་ལས་གཞན་རྡོ་རྗེ་གུར་གྱི་བཤད་སྦྱར་སློབ་དཔོན་ནག་པོ་པས་མཛད་པ་དང༌། མི་ཐུབ་ཟླ་བས་མཛད་པ་རིགས་བསྡུས་མཁའ་འགྲོ་ལྔའི་སྒྲུབ་ཐབས་དང༌། འགའ་ཞིག་རྒྱུད་རྒྱས་པའི་དུམ་བུར་བཞུགས་པ་རྩ་བའི་མངོན་