[A:༨༥]དྲེགས་པས་བློ་གྲོས་མི་འཁྲུགས་པའི། །ལྟ་ངན་རབ་རིབ་ཀུན་ནས་སེལ་མཛད་ཅིང༌། །མདོ་རྒྱུད་ལུང་རིགས་སྣང་བས་ཀུན་གསལ་བའི། །བློ་གསལ་ཀུ་མུད་དཔལ་དེ་རྟག་པར་རྒྱལ། །རྟོགས་པ་བརྗོད་པ་མདོ་ཙམ་ཞིག་བསྙད་ཟིན་ཏོ།། །།ད་ནི་དེ་ལྟ་བུ་ཉིད་ཀྱིས་རྣམ་པར་ཕྱེ་སྟེ་རྒྱས་པར་བསྙད་ན། མཐའ་གཅིག་ཏུ་ངེས་པའི་མཚན་མ་བསྒྲིབས་པའི་བདག་ཉིད་ཆེན་པོ་འདི་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐོག་མ་ཉིད་དུ་འཇིག་རྟེན་པ་དང་མཐུན་པའི་ཡི་གེ་དང༌། རྩིས་དང༌། རོལ་མོའི་བཀོད་པ་དང༌། ཟློས་གར་གྱི་རིག་བྱེད་དང༌། རྒྱལ་པོ་དང་བློན་པོ་ལུགས་ཀྱི་བསྟན་བཅོས་ལ་སོགས་པ་དང༌། ནོར་བུ་བརྟག་པ་དང༌། སྐྱེས་པ་དང༌། བུད་མེད་དང༌། དུད་འགྲོ་བརྟག་པ་ལ་སོགས་པ་འཇིག་རྟེན་པ་ལ་ཉེ་བར་མཁོ་བ་ཐམས་ཅད་ལ་འབད་པ་མེད་པར་མངོན་དུ་མཛད་པ་ཡིན་ནོ་ཞེས་ཁུམས་ཤིང་དེང་སང་གང་གིས་མངོན་དུ་གྱུར་པ་ཙམ་གྱིས་ལྟ་བ་པོའི་མིག་དང་ཡིད་མགུ་བར་བྱེད་པ་དང༌། འདིའི་བསྔགས་པར་འོས་པ་ཐོས་པ་ཉིད་ན་སྒྲིབ་པ་སྟུག་པོར་གྱུར་པ་འཇིལ་བ་དང༌། གང་གིས་གུས་པས་བརྟེན་པ་དེ་ཟད་མི་ཤེས་པའི་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པས་ན། མ་ལུས་པའི་རྒྱལ་བ་སྲས་དང་བཅས་པའི་ཡབ་ཏུ་གྱུར་པ་དེའོ་ཞེས་ངེས་པར་བྱའོ། །དེ་ལྟར་གྱུར་པ་དེས་ཐོག་མར་བཤེས་གཉེན་དམ་པ་ཇི་སྙེད་ཅིག་བསྟེན་ཅིང་གང་ལས་དྲི་མ་མེད་པའི་རྒྱུད་དང་མདོ་སྡེ་དང་བསྟན་བཅོས་ལ་སོགས་པ་གང་ཞིག་གསན་ཅིང་ཐུགས་སུ་ཆུད་པར་མཛད་པ་དང༌། སྒྲོ་འདོགས་པ་དང༌། སྐུར་པའི་མཐའ་གཉིས་པོ་རྣམ་པར་བསལ་ཏེ། ཇི་ལྟར་གནས་པའི་དོན་མདོ་ཙམ་ཞིག་རྟོགས་པ་གང་ཡིན་པ་དེ་འདིར་བརྗོད་པ་ནི་འདི་ལྟ་སྟེ། དེ་ཡང་སྡོམ་བརྩོན་དམ་པ་འདིས་ཆོས་ཀྱི་རྗེ་ཁམས་གསུམ་གྱི་རྣམ་པར་འདྲེན་པ་ཐུན་མོང་མ་ཡིན་པར་གྱུར་པ་རྗེ་བཙུན་རིན་པོ་ཆེ་རྒྱལ་མཚན་གྱི་ཞབས་ལ། དྲི་མ་མེད་པའི་རྒྱུད་སྡེ་ཆེན་པོ་རྣམས་རྩ་བ་དང་བཤད་པའི་རྒྱུད་དུ་བཅས་པ་དང༌། དེ་དག་སོ་སོའི་དགོངས་པ་