R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༨༨
[A:༨༨]པར་རྟོགས་པ་ཆེན་པོ་ལ་སོགས་པ་སྐབས་ཀྱི་འགྲེལ་པ་བརྒྱད་དང་བཅས་པ་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པར་མཛད་ནས། སླར་ཡང་བརྟག་པ་གཉིས་པའི་འགྲེལ་པ་རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ནག་པོ་པས་མཛད་པ་དང༌། དེ་ཉིད་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ་ཞེས་བྱ་བ་དང༌། སྒྲུབ་ཐབས་དེ་ཉིད་གསལ་བ་ལ་སོགས་པའི་ཆོས་བཅོ་ལྔ་དགེ་བའི་བཤེས་གཉེན་འགོས་ལས་བརྒྱུད་དེ་འོངས་པ་གང་ཡིན་པ་དེ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ། །དེ་ལས་གཞན་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལེའུ་ལྔ་པ་དེ་ཁོ་ན་ཉིད་ཀྱི་ལེའུ་ཡན་ཆད་ཀྱི་རྒྱུད་རྒྱས་པ་འབུམ་ཕྲག་ལྔ་པའི་དོན་བསྡུས་པར་བཞེད་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་འགྲེལ་པ་ནི་སྡོམ་བརྩོན་དམ་པ་ཁ་ཆེ་པཎྜི་ཏ་ལས་གསན་ཅིང༌། གཞན་བྷ་ཝ་མ་དང༌། དྲན་པའི་རྒྱུ་མཚན་ཞེས་བྱ་བ་དང༌། མུ་ཏིག་ཕྲེང་བ། དམ་ཚིག་རྡོ་རྗེ་མ་རྣམས་ནི་ཆོས་ཀྱི་རྗེ་ཉིད་ལས་གསན་ཅིང་མངོན་དུ་མཛད་ལ། རྡོ་རྗེ་གུར་ལ་ལྷའི་རིགས་ཀྱི་བློ་གྲོས་ཀྱིས་བྱས་པའི་འགྲེལ་པ་དང༌། མིའི་བདག་པོ་ཨིནྡྲ་བྷུ་ཏིས་མཛད་པའི་སམྦུ་ཊའི་འགྲེལ་ཆེན་ནི་ཁོ་བོས་ཞིབ་ཏུ་མ་ཐོས་མོད། །འོན་ཀྱང་དེ་དག་གི་དགོངས་པ་ཇི་ལྟར་གནས་པའི་དོན་ལ་སོམ་ཉི་མེད་དོ་ཞེས་གསུངས་སོ། །ཡང་གསང་སྔགས་ཀྱི་རྒྱུད་སྡེ་མཐའ་དག་དང༌། ཁྱད་པར་གྱིས་ཀྱང་རྩ་བའི་རྒྱུད་བརྟག་པ་གཉིས་པའི་གདམས་ངག །རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པའི་དགོངས་པ། སྐྱེ་བ་འདི་ཉིད་ལ་འཚང་རྒྱ་བའི་སྒྲུབ་ཐབས་ཀྱི་གནད་ཁྱད་པར་ཅན་མན་ངག་རིན་པོ་ཆེ་ཐམས་ཅད་ཀྱི་མཛོད་འཛིན་པ། བླ་མ་ཆེན་པོ་མུ་གུ་ལུང་པ་དེའི་ཐུགས་ཀྱི་སྲས། བླ་མ་སེ་མཁར་ཆུང་བ་ཞེས་བྱ་བའི་ཞབས་རྡུལ་དྲི་མ་མེད་པ་ལས་ནོས་པ། རྗེ་བཙུན་ཞང་དགོན་པ་བ་ཞེས་བྱ་བས་དཔལ་ས་སྐྱ་པ་བརྩེ་བ་ཆེན་པོ་ལ་རྗེས་སུ་གདམས་པ། ལམ་འབྲས་བུ་དང་བཅས་པ། གཞན་ལམ་གྱི་སྐོར་དགུ་ཞེས་གྲགས་པ་ལ་མན་ངག་ཕྲ་མོ་ཉི་ཤུ་རྩ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་ཅིང་དེ་རེ་རེ་ལའང་ཡན་ལག་དུ་མ་དང་བཅས་པ་