R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༩༤
[A:༩༤]རས་གཟིགས་ལ་དོན་ཡོད་ཞགས་པ་རྩ་བའི་རྒྱུད། ཕྱག་སྟོང་སྤྱན་སྟོང་གི་རྟོག་པ་རྒྱས་པ། ཞལ་བཅུ་གཅིག་པའི་གཟུངས་ལ་སོགས་པ་མཐའ་དག་གསན་པ་ལས། འོན་ཀྱང་ཨ་མོ་གྷ་པཱ་ཤའི་རྟག་པ་ཆེན་པོ་མ་གསན་ལ། ཟ་མ་ཏོག་བཀོད་པའི་རྟོག་པ་རྒྱས་པ། སྤྱན་རས་གཟིགས་ཧ་ལ་ཧ་ལའི་རྟོག་པ་རྒྱས་པ་གཉིས་འདིའི་ཚེ་གསན་ཞེས་པ་མི་འདུག་ཅེས་ཀྱང་གསུངས་སོ། །ཕྱག་ན་རྡོ་རྗེའི་རྒྱུད་ལ། འཕགས་པ་ལེགས་པར་གྲུབ་པ། དཔུང་པ་བཟང་པོ། རྡོ་རྗེ་རྣམ་འཇོམས། དེའི་བཤད་རྒྱུད་རི་རབ་ཆེན་པོའི་ཁང་བུ་བརྩེགས་པ། རྡོ་རྗེ་མི་ཕམ་མེ་ལྟར་རབ་ཏུ་འབར་བ་རྨོངས་བྱེད། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། འཕགས་པ་སྟོབས་པོ་ཆེའི་གཟུངས་ལ་སོགས་པ། མཐར་དྲང་སྲོང་ཀླུ་ལ་དམོད་བོར་བའི་གཟུངས་དང༌། ཀླུའི་རྒྱལ་པོ་སོག་མ་མེད་ཀྱི་རྟོག་པ་རྒྱས་པ་ལ་སོགས་པ་མཐའ་དག་ཀྱང་གསན་མོད་ཀྱི། འོན་ཀྱང་འཕགས་པ་རིག་པ་མཆོག་ནི་མ་གསན་ལ། གཞན་དྲག་པོ་གསུམ་འདུལ་ལ་སོགས་པ་དིང་སང་གི་སངས་རྒྱས་ཀྱི་རྒྱུད་སྡེ་དེ་དག་ལ་སྙིང་པོ་ཅི་ཞིག་ཡོད་ཅེས་གསུངས་སོ། །རིག་པའི་ལྷ་མོ་རྣམས་ཀྱི་གཟུངས་ལ། གཙུག་ཏོར་དྲི་མེད། གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་གདུགས་དཀར་ལ་སོགས་པ་གཟུངས་ཀྱི་རྣམ་གྲངས་བཞི་བཅུ་རྩ་དགུ་གསན་པ་ཡིན་ལ། དེ་ཐམས་ཅད་ཀྱི་ཐུན་མོང་བ་གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མ། གསེར་འོད་དམ་པ། འོག་མིན་གྱི་ཚེ་དཔག་མེད་ལ་སོགས་པ་བཞི་བཅུ་རྩ་བདུན་ཙམ་བཞུགས་ཏེ་མདོར་ན་བྱ་བའི་རྒྱུད་ཀྱི་རྒྱུད་ཡོངས་སུ་རྫོགས་པ་དང༌། འགའ་ཞིག་དུམ་བུར་ཞུགས་པ་དང་བཅས་པ་ཉིས་བརྒྱ་ལྷག་པ་ཅིག་གསན་པ་ཡིན་ནོ། །སྤྲིན་ཆེན་པོ་ལས་ཆར་འབབ་པ་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་དྲུག་པ་གཅིག་པུ་དང༌། སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་གཉིས་པོ་དེ་མ་གསན་ལ། གཞན་རྒྱུད་དང་རྟོག་པར་གྲགས་པ་དེ་ཐམས་ཅད་ཀྱི་དབང་དང༌། རིག་པ་གཏད་པའི་ཆོ་ག་དང༌། ལས་རྒྱས་པ་སྣ་ཚོགས་