R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༩༥
[A:༩༥]ཇི་ལྟར་བསྒྲུབ་པ་ལ་སོགས་པ་མཐའ་དག་ཐོབ་ཅིང་རྟོགས་ནས་དཔྱིས་ཕྱིན་པ་ཞིག་གོ །གཞན་ཡང་བླ་མ་ཆེན་པོ་བ་རི་ལོ་ཙཱ་བ་ལས་བརྒྱུད་དེ་འོངས་པ་བཅོམ་ལྡན་འདས་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་མིག་གཡོ་བའི་རྟོག་པ་རྒྱས་པ་ལ་སོགས་པ་དང༌། དེ་སྒྲུབ་པའི་ཐབས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང༌། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཟུངས་དང༌། སྒྲུབ་པའི་ཐབས་ལ་སོགས་པ་དང༌། སྔར་གསུངས་པའི་རྟོག་པ་ལ་སོགས་པ་དེ་དག་སོ་སོའི་ལག་ལེན་དང༌། སྒྲུབ་པའི་ཐབས་བརྒྱ་རྩ་ལ་སོགས་པ། སྒྲུབ་ཐབས་བསྡུས་རྒྱས་འབྲིང་རྣམས་དང༌། བླ་མ་རྡོ་རྗེ་གདན་པའི་ཆོས་དྲུག་དང༌། ལས་དང་པོ་པའི་བྱ་བ་ལ་སོགས་པ་མ་ལུས་པ་གསན་ཅིང་མངོན་དུ་མཛད་པ་ཡིན་ཏེ། མདོར་ན་འདི་ནི་རྒྱུད་སྡེ་རིན་པོ་ཆེ་མཐའ་དག་གི་མཛོད་འཛིན་པ་ཡིན་ནོ། །གཞན་ཡང་ཆོས་ཀྱི་རྗེ་རིན་པོ་ཆེ་མ་ལུས་པའི་རྒྱ་མཚོར་གྱུར་པ་ལས་ཕ་རོལ་ཏུ་ཕྱིན་པ་གསན་པ་ནི། འཕགས་པ་སངས་རྒྱས་ཕལ་པོ་ཆེའི་གཞུང་རབ་ཏུ་བྱེད་པ་དང༌། འདུས་པ་རིན་པོ་ཆེའི་ཏོག་དང༌། གཟུངས་གྲྭ་ལྔའི་ལག་ལེན་སོ་སོའི་རྣམ་གྲངས་གཞན་དང་བཅས་པ་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལ་སོགས་པ་གཟུངས་འབུམ་གྱི་ལག་ཏུ་བླང་བའི་རིམ་པ་ཇི་སྙེད་པ་དང༌། འཕགས་པ་སྡུད་པ་རྩ་རྐྱང་དུ་བཤད་པ་དང༌། ཡང་དེ་ཉིད་པཉྩི་ཀ་སྦྱར་ཏེ་བཤད་པའི་ལུགས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཤུ་ལྔ་པ་ལ། རྩ་འགྲེལ་སོ་སོ་དང༌། ཐུན་མོང་དུ་བཤད་པ་དང༌། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་བྱང་ཆུབ་སེམས་འགྲེལ་དང༌། རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་དང༌། རྟེན་འབྲེལ་བཅུ་གཉིས་ཀྱི་གཞུང་དང༌། བཤེས་པའི་སྤྲིང་ཡིག་དང༌། བསྟོད་པའི་ཚོགས་ལ་སོགས་པ་དུ་མ་དང༌། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པ་དང༌། སློབ་དཔོན་སྔ་མས་མཛད་པའི་མདོ་ཀུན་ལས་བཏུས་པ་དང༌། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཕུང་པོ་ལྔའི་རབ་ཏུ་