R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༩༧
[A:༩༧]གྱུར་པ་ཁ་ཆེའི་གྲོང་ཁྱེར་དཔེ་མེད་དུ་འཁྲུངས་པའི་ཆོས་རྗེ་བསོད་སྙོམས་པ་ཆེན་པོ་ཡོངས་སུ་རྫོགས་པའི་པཎྜི་ཏ་མཁས་པ་རྣམས་ཀྱི་གཙུག་གི་ནོར་བུ་བསླབ་པ་རིན་པོ་ཆེ་མ་ལུས་པའི་གཏེར་འཛིན་པ་ཁ་བ་ཅན་གྱི་ལྗོངས་ཐད་དུ་བྱོན་ཏེ། ཤིན་ཏུ་གུས་པས་ལན་མང་དུ་གསོལ་བ་བཏབ་ཅིང་བསྙེན་ནས། བདག་ཉིད་ཆེན་པོ་དེའི་སྲས་དང་བཅས་པ་ལས་སྒྲ་དང་ཚད་མ་ལ་སོགས་པ་རྒྱ་ཆེར་གསན་ཅིང་བཞུགས་པའི་སྐབས་དེར། ནུབ་ཕྱོགས་ཨ་ཏི་ན་ཝ་རར་སྐུ་འཁྲུངས་པའི་བྲམ་ཟེའི་སློབ་དཔོན་བརྡ་སྤྲོད་པ་ཆེན་པོ་སུ་ག་ཏ་ཤྲཱི་ཞེས་བྱ་བ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་བྱོན་པས་དེ་ལས་གསན་པའི་རིམ་པ་ནི། སྒྲ་ཀཱ་ལ་པ་རྩ་བ་དང་འགྲེལ་པ་སྟོང་ཕྲག་དྲུག་དང་བཅས་པ། དེའི་མིང་ཐ་དད་དང་སྒྲུབ་པ་སུ་བནྟི་དང༌། བྱིངས་སྒྲུབ་པ་ཏི་ངན་ཏའི་རབ་ཏུ་བྱེད་པ་དང་བཅས་པ་མཐའ་དག་གསན། དེ་གཉིས་ཙནྡྲ་པའི་ལུགས་དང་མཐུན་པ་པཎྜི་ཏ་ཆེན་པོ་སཾ་གྷ་ཤྲཱི་ལས་གསན་ཅིང༌། དེ་ཉིད་ལ་སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས། སྙན་ངག་གི་བསྟན་བཅོས་ཆེན་པོ་གསུམ་དང་ཆུང་ངུ་གསུམ་དང༌། རྒྱན་གྱི་བསྟན་བཅོས་དབྱངས་ཅན་གྱི་མགུལ་རྒྱན་སྟོང་ཕྲག་བརྒྱད་པའི་ཕྱེད་མན་ཆད་གསན། ཡང་མངོན་བརྗོད་ཀྱི་བསྟན་བཅོས་ལ་ཡི་གེ་རེ་རེའི་མངོན་བརྗོད་གསན་ཅིང་བསྒྱུར། ཨ་མ་ར་ཀོ་ཥའི་རྩ་བ་རྫོགས་པ་དང༌། སྣ་ཚོགས་གསལ་བའི་ཕྱེད་ཅིག་གསན། མཁས་པ་ཆེན་པོ་དེ་ཉིད་ལ་ཟློས་གར་གྱི་བསྟན་བཅོས་གཟུགས་ཀྱི་སྙེ་མ་ཅུང་ཟད་གསན། གཞན་དེ་ལས་ཚད་མའི་གཞུང་ལུགས་གསན་པ་ལ། རྣམ་འགྲེལ་ལེའུ་དང་པོའི་འགྲེལ་པ་སྟོང་ཕྲག་ཕྱེད་དང་བཞི་པ་གསན་ནས་བསྒྱུར་ཅིང་ཞུས། སློབ་དཔོན་ཐར་པའི་འབྱུང་གནས་ཀྱིས་བྱས་པའི་རྟོག་གེའི་སྐད་ཅེས་བྱ་བའི་བསྟན་བཅོས་གསན་ཅིང་བསྒྱུར། གཞན་ཕྱི་རོལ་གྱི་རིག་བྱེད་ཀྱི་ཚད་མ་དྲང་སྲོང་ཆེན་པོ་གཟེགས་ཟན་གྱིས་སྦྱར་བའི་རྟོག་གེའི་བསྟན་བཅོས་རིག་པ་ཞེས་བྱ་བ་གསན་པ་ཡིན་ནོ། །གཞན་ཡང་དེ་ཉིད་ལས་གསང་སྔགས་རྒྱུད་སྡེ་དང་བསྟན་བཅོས་ཅུང་