R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༩༨
[A:༩༨]ཟད་གསན་པ་ནི། རྣལ་འབྱོར་གྱི་རྒྱུད་ལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་དང༌། རྡོ་རྗེ་ས་འོག་ལ་སོགས་པ་སྔར་བོད་དུ་མ་འགྱུར་ཞིང་ཡོངས་སུ་མ་གྲགས་པའི་རྒྱུད་སྡེ་དང༌། དེའི་ཆ་ལག་ཏུ་གྱུར་པ་མང་དུ་བསྒྱུར་ཞིང་གསན་ལ། གཞན་ཡང་སློབ་དཔོན་ཨཱརྱ་དེ་བས་མཛད་པའི་དཔལ་ལྡན་གསང་བ་འདུས་པའི་རླུང་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་གསན་ཅིང་བསྒྱུར། དེ་ལས་གཞན་སྔགས་ཀྱི་མན་ངག་ཕྲན་བུ་འགའ་ཞུས་ཤིང་ཐུགས་སུ་ཆུད་པར་མཛད་པ་ཡིན་ཏེ། ངེས་པར་རྟོགས་པའི་དོན་ལ་སོམ་ཉི་ག་ལ་ཡོད། དེ་ནས་མཁས་པ་ཆེན་པོ་དེ་ལ་གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ་དང༌། གོས་ཆེན་དང་དར་ལ་སོགས་པ་ན་བཟའི་རིགས་མང་པོ་དང༌། གཞན་ཞབས་འབྲིང་བ་ལ་སོགས་པ་རྣམ་གྲངས་དུ་མས་མཉེས་པར་མཛད་ནས། སླར་ཡང་སྔར་སྨོས་པའི་སྡོམ་བརྩོན་དམ་པ་དེའི་ཐད་དུ་བྱོན་ནས་བདག་ཉིད་ཐོག་མ་ནས་ཚངས་པར་སྤྱོད་པ་དྲི་མ་མེད་པའི་རྒྱན་གྱིས་ཀུན་ནས་སྤྲས་ཤིང༌། བསླབ་པར་བྱ་བ་ཇི་སྙེད་པ་ལ་རྩ་བ་དང་ཡན་ལག་གི་ཉེས་པ་ཕྲ་ཞིང་ཕྲ་བས་མ་རེག་པ་ཡིན་དུ་ཟིན་ཀྱང༌། ཤཱཀྱའི་རྒྱལ་པོ་དེའི་བཀའ་དྲིན་མི་འདོར་བར་དགོངས་ནས་སྡོམ་བརྩོན་དམ་པ་དེ་ལ་གསོལ་བ་བཏབ་སྟེ། ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་བཞེངས་པ་ཉང་སྨད་རྒྱན་གོང་ཞེས་བྱ་བའི་གཙུག་ལག་ཁང་དུ། རྒྱ་མཚོ་ལྟ་བུའི་དགེ་འདུན་གྱི་དབུས་སུ་བསྙེན་པར་རྫོགས་པར་མཛད་ནས། དེ་ཉིད་ཀྱི་ཐད་དུ་ཡུན་རིང་དུ་བཞུགས་ཤིང་རྗེས་སུ་འབྲངས་ཏེ། སྒྲ་དང༌། ཚད་མ་དང༌། དྲི་མ་མེད་པའི་མདོ་སྡེ་དང༌། རྒྱུད་སྡེ་དང་བསྟན་བཅོས་རིན་པོ་ཆེ་གང་ཞིག་གསན་པ་དེ་གསལ་བར་བརྗོད་པར་བྱའོ། །དེ་ལ་ཐོག་མར་སྒྲའི་བསྟན་བཅོས་སྙིང་པོ་བཏུས་པའི་སྟོད་ཅུང་ཟད་ཅིག་གསན་དེ་ཉིད་ལས་ཚད་མའི་གཞུང་ལུགས་མང་དུ་གསན་པ་ནི་འདི་ལྟ་སྟེ། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་ལུགས་ཚད་མ་རབ་ཏུ་བྱེད་པ་སྡེ་བདུན་ཞེས་གྲགས་པ་ལས་ལུས་ལྟ་བུའི་བསྟན་བཅོས་ཀྱི་གཙོ་བོར་གྱུར་པ་ཚད་མ་རྣམ་པར་འགྲེལ་པ་ལེའུ་གསུམ་པ་ཡིད་ཀྱི་ཤིང་རྟ་དགའ་བའི་རྗེས་སུ་འབྲང་པ་གསན། ཡང་ལྷ་