[A:༩༦]དབྱེ་བ་དང༌། སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་སྨྲ་སྒོ་མཚོན་ཆ་དང༌། སློབ་དཔོན་དཔའ་བོས་མཛད་པའི་སྐྱེས་པའི་རབས་ཀྱི་ཕྲེང་བ་དང༌། སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་ལས་བཏུས་པའི་རྩ་བའི་བཤད་པ་དང༌། སྤྱོད་པ་ལ་འཇུག་པ་དང༌། ཀུན་ལས་བཏུས་པ་དང༌། སློབ་དཔོན་ཆེན་པོ་མ་ཏི་ཙི་ཏྲ་དང་དཔལ་ལྡན་ཕྱོགས་ཀྱི་གླང་པོ་དང༌། བྲམ་ཟེའི་སློབ་དཔོན་གཉིས་ལ་སོགས་པས་བསྟོད་པའི་ཚིག་མ་ལུས་པ་འགྲེལ་པ་དང་བཅས་པ་རྣམས་དང༌། སློབ་དཔོན་ཙནྡྲ་གོ་མའི་སློབ་མ་ལ་སྤྲེང་བ་དང༌། གཞན་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལ་སོགས་པ་མ་ལུས་པ་དང༌། གཞན་ཡང་ཇོ་བོ་རྗེ་ལྷ་གཅིག་གི་གདམས་པ་དགེ་བཤེས་པུ་ཏོ་བ་ལས་བརྒྱུད་པ། བཤེས་གཉེན་དམ་པ་གཞི་ར་བ་ཞེས་བྱ་བ་ལས་ནོས་པ། བྱང་ཆུབ་སེམས་དཔའི་ལམ་གྱི་རིམ་པ་སྦྱོང་ཚུལ་ལ་སོགས་པ་མ་ལུས་པ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ། །གཞན་ཡང་བརྩེ་བ་ཆེན་པོ་དེ་ལས་གསོ་བའི་གནས་གསན་པ་ནི། བླ་མ་ཆེན་པོ་མལ་གྱོ་ལས་འོངས་པའི་ཡན་ལག་བརྒྱད་པ་རྩ་བ་དང་འགྲེལ་པར་བཅས་པ་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་གྱི་མདོ་ལྔ་དང༌། དཔྱད་གཞུང་བཅུ་ལ་སོགས་པ་དང༌། ཨ་མ་རའི་གདམས་པའི་རྒྱུན་གདམས་པ་སུམ་ཅུ་པ་ལ་སོགས་པ་དུ་མ་དང༌། གཞན་ཡང་གསོ་བའི་གཞུང་ལུགས་གཞན་ལ་ཡོངས་སུ་གྲགས་པ་མཐའ་དག་དང༌། ཐུན་མོང་མ་ཡིན་པའི་གདམས་པ་དུ་མས་བརྒྱན་པ་དང་བཅས་པ་གསན་ཅིང་མངོན་དུ་མཛད་པ་ཡིན་ནོ། །དེ་ནས་ཉང་སྟོད་དུ་བྱོན་ཏེ་དགེ་བའི་བཤེས་གཉེན་གཙང་ནག་པ་བརྩོན་འགྲུས་སེང་གེ་ཞེས་བྱ་བ་སྲས་དང་བཅས་པའི་སྒྲོས་འཛིན་པ་རིགས་པར་སྨྲ་བ་ཆེན་པོ་རྐྱང་འདུར་བ་གཞོན་ནུ་སེང་གེ་ཞེས་བྱ་བའི་དྲུང་དུ་བསྙེན་ཅིང་གསོལ་བ་བཏབ་སྟེ། ཚད་མ་རྣམ་པར་ངེས་པ་དང༌། སློབ་དཔོན་ཟླ་གྲགས་ཀྱི་དགོངས་པ་དབུ་མ་ཚིག་གསལ་བ་དང༌། ཛ་ཡ་ཨཱ་ནནྡས་མཛད་པའི་རྟོག་གེ་ཐོ་བ་ཞེས་བྱ་བ་རྣམས་གསན་ཅིང་ཐུགས་སུ་བྱོན་པར་མཛད་པ་ཡིན་ནོ། །དེ་ནས་འཛམ་བུའི་གླིང་གི་རྒྱན་དམ་པར་