[A:༩༩]དབང་བློའི་ཊཱི་ཀ་ཚད་མ་ཀུན་ལས་བཏུས་དང་བདེ་བར་གཤེགས་པའི་གསུང་རབ་མདོ་སྡེའི་ལུང་དང་སྦྱར་ནས་རྣམ་འགྲེལ་གྱི་བཤད་པ་གསན། རྣམ་འགྲེལ་གྱི་རྒྱན་སྟོང་ཕྲག་བཅོ་བརྒྱད་པ་ལེའུ་གཉིས། རྣམ་ངེས་ཀྱི་འགྲེལ་པ་ཆོས་མཆོག་སྟོང་ཕྲག་བཅུ་གཉིས་པ་ལེའུ་གཉིས་གསན་ཅིང༌། ལུས་ཀྱི་བསྟན་བཅོས་བསྡུས་པར་གྱུར་པ་རིགས་པའི་ཐིགས་པའི་རྩ་བ་དང༌། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་གསན། ཡན་ལག་གི་བསྟན་བཅོས་རྒྱུད་གཞན་གྲུབ་པ་བྲམ་ཟེའི་འགྲེལ་པ་དང་སྦྱར་ཏེ་གསན། དེ་ལས་གཞན་ཛྙཱ་ན་ཤྲཱིའི་སྐད་ཅིག་མ་ཆེ་ཆུང༌། གཞན་སེལ་དཔྱད་པ་ལྔ་གསུམ་བརྟགས་པ་ལ་སོགས་པ་རབ་ཏུ་བྱེད་པ་ཕྲ་མོ་མང་དུ་གསན། ཆོས་མཆོག་གིས་མཛད་པའི་གྲུབ་པ་བརྒྱད་ལས་ཚད་མ་གྲུབ་པའི་རབ་ཏུ་བྱེད་པ་དང༌། སློབ་དཔོན་བྲམ་ཟེའི་ཚད་མ་གྲུབ་པའི་རབ་ཏུ་བྱེད་པ་གསན་པ་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་བྱམས་པའི་མངོན་པར་རྟོགས་པའི་རྒྱན་རྩ་རྐྱང་གི་བཤད་པ་དང༌། རྒྱལ་སྲས་ཐོགས་མེད་ཀྱི་གཞུང་རྣམ་པར་རིག་པ་གསལ་བར་སྨྲ་བ་ཐེག་པ་ཆེན་པོ་བསྡུས་པ་དང༌། གཞན་ཡང་དེ་ཉིད་ལས། སློབ་དཔོན་དབྱིག་གཉེན་གྱི་གཞུང་ལུགས་གསན་པ་ཆོས་མངོན་པ་མཛོད་ཀྱི་གནས་བརྒྱད་ལས་གནས་ལྔ་པ་ཡན་ཆད། སློབ་དཔོན་ཉིད་ཀྱིས་རང་འགྲེལ་དང༌། ཊཱི་ཀ་སློབ་དཔོན་བློ་བརྟན་དང༌། སློབ་དཔོན་གྲགས་པའི་བཤེས་གཉེན་གྱིས་མཛད་པའི་རྗེས་སུ་འབྲང་བ་གསན། གཞན་ཉི་ཤུ་པའི་རབ་ཏུ་བྱེད་པ། སུམ་ཅུ་པའི་རབ་བྱེད་རྣམས་རང་འགྲེལ་དང་བཅས་པ་དང༌། རྣམ་པར་བཤད་པའི་རིགས་པ་དང༌། ཕུང་པོ་ལྔའི་རབ་ཏུ་བྱེད་པ་དང༌། ཡང་སློབ་དཔོན་ལ་བ་པས་མཛད་པ་རྣམ་པར་རིག་པ་གསལ་བར་སྟོན་པའི་གཞུང་འགྲེལ་པར་བཅས་པ་དང༌། རང་བཞིན་གསུམ་གྲུབ་པ་ལ་སོགས་པ་རབ་ཏུ་བྱེད་པ་མང་པོ་ཞིག་པཎྜི་ཏ་སཾ་གྷ་ཤྲཱིས་ཞུས་པའི་རྗེས་སུ་གསན་ཞེས་གསུང་ངོ༌། །ཡང་དེ་ཉིད་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་