R16: དཔལ་ལྡན་ས་སྐྱ་པཎྜི་ཏའི་རྣམ་ཐར་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པ།

  • Pagination (Witness A): ༡༠༠
[A:༡༠༠]པའི་འགྲེལ་པ་དང་བཅས་པ་དང༌། སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་འགྲེལ་པ་དང་བཅས་པ་དང༌། དམིགས་པ་བརྟག་པ་རྩ་བ་དང་འགྲེལ་པར་བཅས་པ་དང། རླུང་གི་རབ་ཏུ་བྱེད་པ་རྩ་འགྲེལ་ལ་སོགས་པ་གསན་ཅིང་དེ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་སྡོམ་བརྩོན་དམ་པར་གྱུར་པ་དེ་ལས་འདུལ་བ་མདོ་རྩ་དང༌། སོ་སོར་ཐར་པ་དང༌། འདུལ་བ་འོད་ལྡན་དང༌། གཞན་ཡང་དགེ་སློང་གི་ལོ་དྲི་བ་ལ་སོགས་པ་དང༌། བསྟན་བཅོས་མཛད་པ་པོ་བྱོན་ཟིན་པ་དེ་དག་གིས་མཛད་པའི་གཞུང་དང༌། རབ་ཏུ་བྱེད་པ་ཤིན་ཏུ་མང་པོ་ཞིག་གསན་ཅིང་གཏུགས་ལ་དགེ་སློང་གི་ཀཱ་རི་ཀཱ་དང༌། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ་གཉིས་ནི་པཎྜི་ཏ་སཾ་གྷ་ཤྲཱི་ལས་གསན་ཞེས་ཁུམས་སོ། །གཞན་ཡང་དེ་ཉིད་ལས་རྡོ་རྗེའི་ཐེག་པའི་གཞུང་ལུགས་ཁུམས་པ་ནི། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་འགྲེལ་པ་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་དང་བཅས་པ་དང༌། དེའི་ཡན་ལག་དབང་མདོར་བསྟན། དོན་དམ་བསྙེན་པ་ལ་སོགས་པ་ཡན་ལག་དང་བཅས་པ་གསན། དེའི་དཀྱིལ་འཁོར་གྱི་ཆོ་ག་ལག་ལེན་དང་བཅས་པ་དང༌། སྒྲུབ་པའི་ཐབས་སློབ་དཔོན་དྷརྨཱ་ཤྲཱིས་མཛད་པ་ཡན་ལག་དང་བཅས་པ་གསན་ཅིང༌། ཡང་དེ་ལས་དཔལ་གསང་བ་འདུས་པ་སློབ་དཔོན་འཕགས་པའི་སྐོར་ལ་རིམ་ལྔ་ལ་སོགས་པའི་རབ་ཏུ་བྱེད་པ་དང༌། འགྲེལ་པ་སྒྲོན་མ་གསལ་བ་དང༌། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་དཀྱིལ་འཁོར་གྱི་ཆོ་ག་རྡུལ་ཚོན་ལ་བརྟེན་པའི་ལག་ལེན་དང་བཅས་པ་དང༌། སློབ་དཔོན་ཤར་ཕྱོགས་པ་ཞེས་བྱ་བས་མཛད་པའི་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་གསན་ནས་བསྒྱུར་ཞེས་ཁུམས་པ་དང༌། ཡང་ཡེ་ཤེས་ཞབས་ཀྱི་སྒྲུབ་པའི་ཐབས་ཀུན་ཏུ་བཟང་པོ་ལ་སོགས་པ་བི་བྷཱུ་ཏིས་ཞུས་པའི་ཞར་ལ་གསན་ཞེས་གསུངས་སོ། །དཔལ་འཁོར་ལོ་བདེ་མཆོག་ལོ་ཧི་པའི་འགྲེལ་པ་སློབ་དཔོན་པྲཛྙཱ་